ལྷ་བཟོ་ཨོ་རྒྱན་རྡོ་རྗེ།

བཀྲ་ཤིས་དཔལ་འབྱོར།        2021-03-04

    

ལྷ་བཟོ་ཨོ་རྒྱན་རྡོ་རྗེ།

    ཨོ་རྒྱན་རྡོ་རྗེ་ནི་1973ལོར་ཁམས་སྡེ་དགེ་རུ་འཁྲུངས་ཤིང་།  རང་ལོ་12སྟེང་ནས་ཞང་པོ་ཡོན་ཏན་ཚེ་རིང་གིས་དཔལ་སྤུངས་དགོན་དུ་ཁྲིད་ནས་བོད་ཀྱི་ལྷ་བཟོ་བ་ཆེན་མོ་ཐང་བླ་ཚེ་དབང་མདུན་དུ་ལྷ་འབྲི་རྒྱུ་སྦྱོང་བཅུག་པས་ཐང་བླ་ཚེ་དབང་གི་དངོས་སློབ་རྩ་ཆེན་དུ་གྱུར།  

    1999ལོར་ལྷ་བཟོ་དཀོན་མཆོག་བཀྲ་ཤིས་མདུན་དུ་《གེ་སར་གྱི་སྟོང་ཐང་ཆེན་མོ་ 》དང་།  《ཤམ་བྷ་ལའི་སྟོང་ཐང་ཆེན་མོ་》འབྲི་སར་ཞུགས་ནས་རང་གི་ལྷ་བཟོའི་བཟོ་རྩལ་ཐད་ཀྱང་ཡར་ཐོན་ཆེན་པོར་ཕྱིན།  2009ལོར་ཁོང་གིས་གངས་ལྗོངས་ཐང་ཀའི་རིག་གནས་ཁྱབ་སྤེལ་ཀུང་སི་བཙུགས་ནས་དུས་ཚོད་ཐུང་ཐུང་ནང་དུ་བྱ་དགའ་ཡང་མང་པོ་ཐོབ།   2017ལོར་ཁོང་གིས་བྲིས་པའི་《བདེ་ཆེན་ཞིང་བཀོད་》ཀྱི་ཞལ་ཐང་ཞིག་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་གི་འགྲེམས་སྟོན་ནང་ཞུགས་ཐུབ་པ་བྱུང་བ་མ་ཚད་ཁོང་ལ་“རྒྱལ་ཁབ་ཆེན་མོའི་དངོས་མིན་ཤུལ་བཞག་གི་ལག་ཤེས་པ་”ཞེས་པའི་མཚན་སྙན་ཐོབ། སྐབས་དེར་སི་ཁྲོན་གྱི་བྱ་དགའ་དེ་ཐོབ་མཁན་གྱི་མི་གཅིག་པུ་རུ་གྱུར།  དེ་རྗེས་ཁྲེན་ཏུའུ་གྲོང་ཁྱེར་ཕིས་ཏུའུ་ཆུས་ཀྱི་མནའ་གྲོང་དུ་སའི་རྒྱ་ཁྱོན་མུའུ་ལྔ་ལྷག་ཅན་གྱི་ས་མལ་དུ་ཐང་ག་འབྲི་སའི་རྟེན་གཞི་ཞིག་བཙུགས་ནས་“རྒྱལ་ཁབ་ཆེན་མོའི་ཐང་གའི་ལག་ཤེས་པ”ཞེས་པའི་སྒོ་བྱང་འགེལ་ཐུབ་པ་བྱུང་།

ཐང་ཀ་འབྲི་རྒྱུ་དང་སློབ་མ་སྐྱོང་རྒྱུ་ནི་ཨོ་རྒྱན་རྡོ་རྗེས་མི་ཚེ་གཅིག་གི་དམིགས་ཡུལ་གཙོ་བོ་དང་།  མི་ཚེའི་རིན་ཐང་ཉག་གཅིག་ཏུ་འཛིན་པས་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཐོབ་ཡོད།    ད་ལྟར་ཐང་ག་འབྲི་སའི་རྟེན་གཞི་དེ་རུ་རྒྱུན་དུ་མི་ཞེ་གཉིས་ལྷག་གིས་མཁྱེན་ལུགས་གཙོ་བོ་གྱུར་པའི་ཞལ་ཐང་དང་ལྡེབས་རིས།  ཚེམས་དྲུབ་སོགས་ཐང་ཀ་བཟོས་ནས་བོད་ཀྱི་མཛེས་རྩལ་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བཞིན་ཡོད།

  • ལེ་ཚན་སྔོན་མ།:ལྷ་བཟོ་འཇམ་དགའ་ཕ་བུ་གསུམ།
  • ལེ་ཚན་རྗེས་མ།:ལྷ་བཟོ་བཀྲ་ཤིས་ཚེ་དབང་།