ཀུན་དགའ།

ཀུན་བཟང་དཔལ་མོ།        2021-03-04

  

ཀུན་དགའ།

   ཀུན་དགའ་ནི་ཕ་ཡུལ་སྡེ་དགེ་རྫོང་དགོན་ཆེན་ཤང་མོ་ཆོ་ལོ་རུ་༡༧༦༣ལོར་སྐྱེས།རང་ལོ་བདུན་སོན་དུས་མཉམ་ལས་ཀྱི་ར་རྫི་ལུག་རྫི་བྱས། ལོ་བཅུ་གཉིས་ལ་སོན་དུས་མུ་ཤོད་ཨུ་རྒྱན་ཞེས་པ་ཐང་ཀ་སོགས་འབྲི་བ་ལ་མཁས་པ་ཞིག་ཡོད་པས་དེའི་ཤུགས་རྐྱེན་གྱིས་རི་མོ་བསླབ་པར་ཀུན་སློང་སྐྱེས་ཀྱང་།  སློབ་སྦྱོང་བྱ་བའི་གོ་སྐབས་མ་རྙེད། རྫི་བོ་འགྲོ་ཞོར་དུ་བྲག་ངོས་དང་ས་ངོས་སོགས་སུ་སྲོག་ཆགས་ཀྱི་གཟུགས་རིས་འདྲ་མིན་བྲིས།      ༡༩༧༩ལོར་སྡེ་དགེ་པར་ཁང་གི་པར་དཔོན་བཀྲ་ཤིས་རྡོ་རྗེས་སྐུལ་མ་གནང་བ་བཞིན་དུ་ལོ་གཉིས་ཙམ་ལ་བོད་ཡིག་སློབ་སྦྱོང་བྱས། དེ་ནས་པར་ཁང་དུ་སོང་ནས་པར་བརྐོ་འདེབས་ཀྱི་ལས་ཀ་བསྒྲུབས་པའི་ཞོར་དུ།ཡོན་ཏན་ཚེ་རིང་ལས་རི་མོ་བསླབས་ནས་ཟླ་བ་གཅིག་ཙམ་གྱི་རྗེས་སུ།  ཟླ་རྒྱུགས་སྤྲོད་སྐབས་རྒྱུགས་འབྲས་ལེགས་པར་ཀུན་གྱིས་ཁོང་ལ་བསྔགས་བརྗོད་ཀྱི་མེ་ཏོག་བར་མེད་དུ་གཏོར།  དེ་རྗེས་བླ་མ་ཐང་བླ་ཚེ་དབང་གི་མདུན་ནས་རི་མོའི་བྲིས་རྒྱུན་དང་དཀའ་གནས་སེལ་བའི་གདམས་ངག་མང་པོ་ཐོབ་ཅིང་། དེ་ནས་ལོ་གཉིས་ཀྱི་རིང་ལ་སྤྲུལ་སྐུ་ཐུབ་བསྟན་ཚེ་རིང་གི་མདུན་ནས་བླུགས་སྐུ་བཞེངས་སྟངས་སྐོར་ལ་བསླབས། སྔོན་རྗེས་སུ་སྡེ་དགེ་དགོན་ཆེན་དགོན་པ་དང་།  སྡེ་དགེ་པར་ཁང་། གཞན་དགོན་སྡེ་མང་པོའི་ལྷ་ཁང་ལ་ཀརྨ་སྒར་བྲིས་ཀྱི་བྲིས་སྲོལ་ལྟར་ལྡེབས་བྲིས་དང་ཞལ་ཐང་མང་པོ་བྲིས།དེ་ནས་བི་ཤྭ་ཀརྨ་མཐུན་གཉེར་ཁང་དུ་ཕེབས་ཏེ་གེ་སར་སྟོང་ཐང་ཆེན་མོ་འབྲི་རྒྱུའི་འགོ་བརྩམས་ཏེ་ཡོངས་སུ་གྲུབ་རྗེས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ཤམ་བྷ་ལའི་སྟོང་ཐང་ཆེན་མོ་འབྲི་བའི་གཙོ་འགན་བཞེས་ཤིང་མཇུག་གྲུབ་པར་མཛད། གཞན་ཡང་རྒྱལ་བ་ཤཱཀྱ་ཐུབ་པ་དང་།རྒྱལ་བ་བྱམས་པ་དང་།རྗེ་ཙོང་ཁ་པ།གླིང་གེ་སར་རྒྱལ་པོ།དུས་འཁོར་སོགས་ཀྱི་ལྷ་སྐུ་ཆེན་པོ་དང་།བློས་བསླངས། དུང་འཁོར་སོགས་ཚད་དང་སྤུས་ཀ་གང་ཐད་སྔར་ཡོད་མ་མྱོང་བ་ཤ་སྟག་གི་ཐིག་རྩ་ནས་བཟུང་མཐའ་མ་གྲུབ་བར་འཆར་འགོད་དང་སྐྱ་རིས་སོགས་ཁོང་གིས་གཙོ་འགན་བཞེས། དེའི་ཞོར་དུ་ཁོང་གིས་སློབ་མའང་མང་པོ་གསོ་སྐྱོང་གནང་དང་གནང་མུས་སུ་གནས།

  • ལེ་ཚན་སྔོན་མ།:ཀུན་དགའ་བརྩོན་འགྲུས།
  • ལེ་ཚན་རྗེས་མ།:ལྷ་བཟོ་དཀོན་མཆོག་བཀྲ་ཤིས།