ལྷ་བཟོ་ཀརྨ་བསོད་ནམས།

ཀུན་བཟང་དཔལ་མོ།        2021-03-04

    

ལྷ་བཟོ་ཀརྨ་བསོད་ནམས།

    ཀརྨ་བསོད་ནམསནི་བོད་རབ་བྱུང་བཅུ་དྲུག་པའི་ས་ལུག་སྤྱི་ལོ༡༩༧༩ལོར་སྨན་ཤོད་ཅི་ཇོ་གྲོང་དུ་འཁྲུངས།ཆུང་ངུའི་དུས་སུ་འཁོར་ཡུག་ཆ་རྐྱེན་ཞན་པའི་དབང་གིས་སློབ་གསོའི་གོ་སྐབས་མ་ཐོབ་པས་གྲོང་པའི་ཕྱུགས་རྫི་བྱས། རི་མོ་ལ་ཤིན་ཏུ་དགའ་བས། རྫི་ཞོར་དུ་རྡོ་ལེབ་ཐོག་ཏུ།བྲག་གི་ངོས་སུ། ཐལ་བའི་ནང་དུ་རི་མོ་སྣ་ཚོགས་བྲིས་ཤིང་། ལོ་ལྟར་བོད་ཀྱི་ལོ་ཐོའི་ནང་གི་གླང་དང་གླང་རྫིའི་གཟུགས་ལ་དཔེ་བྱས་ཏེ་སེམས་ཅན་གྱི་གཟུགས་བརྙན་འབྲི་ཚུལ་སྦྱངས། སྐབས་ཤིག  །ཁྱིམ་དུ་སྲི་བཟློག་མཆོད་རྟེན་ཆུང་ཆུང་ཞིག་བཞེངས་པས། ལྷ་བཟོ་བས་དེའི་ངོས་སུ་བྲིས་པའི་རི་མོས་ཕྱུགས་རྫི་ཆུང་ཆུང་གི་ཡིད་དབང་མེད་དུ་བཀུག་སོང་བ་མ་བཟད།      དེ་བས་མཆོད་རྟེན་གདན་ཁྲིའི་ངོས་ཀྱི་སེང་གེའི་གཟི་བརྗིད་ལ་ཡིད་ཤོར་ཏེ།   དེ་ནས་བཟུང་ཁོང་གིས་ཐབས་བརྒྱ་ཇུས་སྟོང་གིས་རི་མོ་འབྲི་བའི་གོ་སྐབས་དམ་འཛིན་བྱས་པ་ལ་དབྱིངས་ཞུགས་པ་ལྟར།  སྨྱུ་གུ་ཡོད་དུས་སྨྱུ་གུས།   སྨྱུ་གུ་མེད་དུས་ཤིང་སོ་དང་སོལ་བས། ས་ཐོག་ཏུ། གྱང་ངོས་སུ།ཐ་ན་སྒེའུ་ཁུང་གི་རྩིབས་སོགས་སུ་ག་སར་གང་དུ་སེང་གེའི་རི་མོ་བྲིས།  མི་རིང་བར་སེང་གེའི་གཟུགས་རིས་ཤིན་ཏུ་མཛེས་པ་འབྲི་ཤེས་པར་བྱུང་དགའ་སྤྲོས་བརྟས།  རང་ལོ་བཅུ་གསུམ་ཐོག་དཔལ་སྤུངས་དགོན་དུ་ཕྱིན་ཏེ་ཨ་མཆོག་སྤྲུལ་སྐུ་མདུན་ནས། རྨང་གཞིའི་རི་མོ་དང་ཡི་གེ་འབྲི་ཀློག་ལ་སྦྱོང་བས་ཡུན་རིང་མ་འགོར་བ་སྦྱངས་འབྲས་ལེགས་པོ་ཐོབ། ལྷག་པར་དུ་ལྷ་སྐུའི་རི་མོ་འབྲི་བའི་ཐད་ཡར་ཐོན་འབུར་དུ་ཐོན་པ་ཐོབ། ཀརྨ་སྒར་ལུགས་ཀྱི་ཚོན་རིས་མཐར་ཕྱིན་པར་བསླབས།དེ་རྗེས་ལྷ་བཟོ་བུ་ཁེ་དགེ་རྒན་དུ་བསྟེན་པ་དང་ལྷན་དུ་མི་ཉག་དཔལ་ལྷ་སྒང་དུ་སོང་ནས་མཁན་པོ་རྩྭ་ར་ཆོས་གྲགས་ཀྱི་བཤད་གྲྭའི་ལོགས་རིས་རྣམས་བྲིས། ཤིང་ཁྱི་ལོར་རང་ལོ་བཅུ་དྲུག་ཐོག་རང་འཁོས་ཐུབ་པར་བྱུང་བས་དཔལ་ཡུལ་དགོན་དུ་རང་སློབ་ཁ་ཤས་ཁྲིད་དེ་དགོན་པ་དང་གྲོང་པའི་ནང་། ཁང་ཚོན་རི་མོ་ལོ་གཅིག་ཙམ་བྲིས།དེ་ནས་ཕྱིར་དཔལ་སྤུང་དགོན་དུ་ལོག་ནས་ཨ་མཆོག་སྤྲུལ་སྐུས་བསྐྱར་བཞེངས་གནང་བའི་ཀླུ་དིལ་བླ་བྲང་གི་ལོག་རིས་དང་ཚོན་མདང་ཡོངས་སུ་རྫོགས་པར་བྲིས། ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། ལོ་ན་ཆུང་ཡང་ཀརྨ་སྒར་ལུགས་ཀྱི་ཚོན་རིས་མཁས་པའི་མཚན་སྙན་རྒྱས།   སྤྱི་ལོ་༡༩༩༩ལོ་དར་མདོར་ཕྱིན་ཏེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སུམ་རྟགས་དག་གསུམ་དང་། ལྷག་པར་དུ་ལྷ་རིས་དགེ་རྒན་ཆེན་མོ་ཡོན་ཏན་ཚེ་རིང་དང་དིས་ཆུང་བུ་རྒན་སོགས་ལས་ཐིག་རྩ་དང་ཚོན་རིས་སོགས་ལྷ་བཟོའི་གཞུང་ལུགས་དང་ལག་ལེན་ལ་འབད་པར་ལྷུར་བླངས། དེ་ཡང་སྔ་ཕྱི་རིམ་བཞིན་སྒར་བྲིས་མཁས་དབང་རྡོར་བྲག་དཀོན་མཆོག་བཀྲ་ཤིས་དང་ཁང་གསར་འཆི་མེད་སོགས་ལ་བསྟེན་ཏེ་བཟོ་རིག་ཤེས་བྱ་ལ་སློབ་སྦྱོང་བཅས་གཞན་གྱིས་མངགས་བཅོལ་བྱས་པའི་སྒར་ལུགས་ཀྱི་ཐང་ག་མང་པོ་བྲིས་པས་ཀརྨ་སྒར་བྲིས་ཀྱི་རྒྱུན་འཛིན་མི་སྣ་གལ་ཆེན་ཞིག་ཏུ་གྱུར།སྤྱི་ལོ་༢༠༠༥ ལོར་ཀརྨ་བི་ཤྭའི་གེ་སར་སྟོང་ཐང་གི་ལས་གྲྭའི་ནང་དུ་ཞུགས་ནས་ལོ་གཉིས་ལྷག་ཙམ་ལ་ལས་གཞིའི་ཡན་ལག་གི་དབུ་འཛིན་བྱས། དེའི་རིང་གེ་སར་ཞལ་ཐང་བདུན་ཅུ་ལྷག་ཙམ་ཡོངས་སུ་གྲུབ་པར་བྱས་པས་རྒྱ་ཆེའི་ཤེས་ཡོན་པའི་གདེངས་འཇོག་མཐོན་པོ་ཐོབ།  དེ་ནས་ལྷ་སར་ཕྱིན་ཏེ་ཡོན་ཏན་བཟང་པོ་དང་ལྷན་དུ་ས་སྐྱའི་གྲགས་ཆེན་བཅོ་བརྒྱད་ཀྱི་དབུ་ལྷའི་ཞལ་ཐང་རྣམས་བྲིས་ཕུལ།གཞན་གྱིས་མངགས་བཅོལ་བྱས་པའི་ཀརྨ་སྒར་བྲིས་ཀྱི་ཞལ་ཐང་གསར་བཞེངས་བྱེད་ཞོར་དུ་ལྷ་བཟོ་བ་མཁས་ཅན་ཚེ་རིང་ནོར་བུ་དགེ་རྒན་དུ་བསྟེན་ནས་མཁྱེན་ལུགས་ཀྱི་རི་མོ་བྲིས་ཚུལ་ཆ་ཚང་སློབ་གཉེར་བྱས་ཏེ་མཁྱེན་ལུགས་ཀྱི་རི་མོའི་རྒྱུད་འཛིན་པ་ཡང་དག་ཞིག་ཏུ་གྱུར།  དེ་སྐོར་ནས་བཟུང་བོད་ཀྱི་གཞོན་ནུའི་སློབ་གསོ་ལ་དོ་ཁུར་ཆེན་པོར་གནང་སྟེ།དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་སློབ་གྲྭ་ཆུང་འབྲིང་གི་སློབ་མར་གོ་སླ་བར་དགོངས་ཏེ་བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན་ཞེས་མཛད་དེ་དེབ་བཞི་རུ་ཕྱེས་ཏེ་དཔེ་སྐྲུན་བྱས་པ་ལ།

     བར་བཅུག་རི་མོ་འཆར་བཀོད་དང་གསར་བྲིས་ཕུལ། ལྷག་པར་དུ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་གླང་དར་མའི་བར་གྱི་སྣང་བརྙན་གསར་བསྐྲུན་དང་།ཆོས་རྒྱལ་སྲོང་བཙན་སྒམ་པོས་གཏན་འབེབས་བྱས་པའི་བཀའ་རྟགས་ཀྱི་ཕྱག་རྒྱ་དྲུག་དང་།དམག་གི་རུ་ཆེན་བརྒྱད་ཀྱི་དམག་དཔོན་དང་།  རུ་དར། རུ་རྟ་སོགས་ཡིག་རྙིང་རྣམས་སུ་ཇི་ལྟར་གསལ་བ་བཞིན་ཁུངས་བཅོལ་ནས་གཟུགས་བརྙན་གསར་བྲིས་གནང་བས་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་གཙོ་བོར་བྱས་པའི་གཞོན་ནུ་རྣམས་ལ་ཕན་བསྐྱེད་རྒྱ་ཆེན་པོ་ཐོབ།དེ་རྗེས་ཀྱང་ད་ལྟ་ལས་གནས་ལྷོ་ནུབ་མི་རིགས་སློབ་ཆེན་མོ་རུ་བཞུགས་པའི་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱི་བཀའ་མངགས་ལྟར་སྡེ་དགེའི་རྒྱལ་རབས་རིམ་བྱོན་གྱི་འདྲ་རིས་བྲིས་པས་སྡེ་དགེའི་རྒྱལ་རབས་ཀྱི་སྣང་བརྙན་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་དེ་ཡོངས་སུ་ཁ་བསྐངས་གྲུབ།  ༢༠༡༧ལོར་དཔལ་སྤུངས་ལྔ་རིག་སློབ་གླིང་གིས་བཟོ་རིག་ཕུལ་བྱུང་གི་བྱ་དགའ་གནང་།   ༢༠༡༨ ལོར་སྡེ་དགེ་རྫོང་རྩོམ་པ་པོ་ལྷན་ཚོགས་ནས་གདན་ཞུགས་ལྟར་རྩོམ་ཚོགས་ཀྱི་ཨུ་ཡོན་དུ་ཞུགས། ལོ་དེར་དཀར་མཛེས་ཁུལ་ཐང་གའི་སྒྱུ་རྩལ་མི་སྣ་སྟེ་ཀརྨ་སྒར་བྲིས་ཐང་གའི་སྒྱུ་རྩལ་གྱི་གཞུང་ལུགས་དང་བརྩམས་ཆོས་གསར་བཏོད་བྱེད་པའི་ཟབ་སྦྱོང་དུ་ཞུགས།དེ་སྐོར་ནས་བཟུང་ལྷ་བཟོ་བ་ཆེནམོ་ཨུ་རྒྱན་རྡོ་རྗེ་དང་མཉམ་དུ་་ཁྲིན་ཏུའུ་གྲོང་ཁྱེར་དུ་གངས་ལྗོངས་ཐང་གའི་རིག་གནས་རྒྱུད་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་དགེ་རྒན་ཆེན་མོ་དང་དབུ་འཛིན་པ་གཅིག་ལྕོགས་ཀྱི་འགན་བཞེས། ༢༠༡༩ལོར་སྐབས་བདུན་པའི་ཀྲུང་གོ་ཁྲིན་ཏུ་རྒྱལ་སྤྱི་དངོས་མིན་རིག་གནས་ཤུལ་བཞག་དུས་ཆེན་དུ་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་སི་ཁྲོན་ལག་བསྟར་ཞེས་པའི་འགྲེམས་སྟོན་དུ་ཁོང་གདན་དྲངས།དེ་ལྟར་ཁོང་མཁྱེན་ལུགས་རི་མོ་ལ་ཞིབ་འཇུག་དང་བཅས་མཁྱེན་ལུགས་ཀྱི་ཐང་ག་མང་པོ་འབྲི་བཞིན་ཕྱོགས་སོ་སོ་ནས་ཕེབས་པའི་སློབ་མ་ཡོངས་ལ་ཀརྨ་སྒར་བྲིས་དང་མཁྱེན་ལུགས་རི་མོ་གཉིས་ཀྱི་སློབ་སྟོན་གནང་བཞིན་པ་ལགས།  

  • ལེ་ཚན་སྔོན་མ།:ལྷ་བཟོ་བཀྲ་ཤིས་ཚེ་དབང་།
  • ལེ་ཚན་རྗེས་མ།:ལྷ་བཟོ་ཀུན་དགའ་ཚེ་རིང་།