སྨར་ཀཾ་དགེ་བཤེས།

ལྟག་ཨོ་རྒྱན་ཆོས་འཕེལ།        2021-09-27

   སྨར་ཀཾ་དགེ་བཤེས།

   བློ་གྲོས་དཔག་བསམ་ཤིང་གི་རྩེ་མོ་རུ།།བཟང་པོའི་མེ་ཏོག་སྣ་ཚོགས་ཁྲ་ལྷེམ་ལྷེམ།བསྟན་པ་འཛིན་པའི་འབྲས་བུ་སྨིན་པ་ལ། འཕེལ་བ་སེམས་ཀྱི་བྱ་བྱིའུ་རྟག་ཏུ་དགའ།འདི་སྨོན་པའི་ཚིག་བཟང་གིས་མདུན་བསུས་ཏེ།ཁམས་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་མཁན་རབས་བརྒྱད་ཅུ་པ་རྗེ་བཙུན་བླ་མ༧བློ་བཟང་བསྟན་འཕེལ་མཆོག་གི་རྣམ་ཐར་བསྡུས་མ་ཨུཏྤལ་དམར་པོ་ཞེས་པ་འདི་དད་ལྡན་རྣམས་ཀྱི་སྤྱན་ལམ་དུ་འབུལ།

     རྗེ་བཙུན་བླ་མ༧བློ་བཟང་བསྟན་འཕེལ་མཆོག་ནི་སྤྱི་ལོ1919ས་ལུག་ལོར་ལི་ཐང་གཡོན་རུ་ཞེས་སྙན་གྲགས་འབྲུག་ལྟར་ལྡིར་བའི་འབྲོག་སྡེ་ཆེན་པོའི་ཚེ་མགོན་ཚོ་བ་རུ་ཡབ་ཨ་བོ་དང་།ཡུམ་ཚེ་རིང་ལྷ་མོ་གཉིས་ཀྱི་སྲས་སུ་མཚན་བཟང་པོ་དང་བཅས་ཏེ་སྐུ་འཁྲུངས།ཆུང་དུས་ཀྱི་མཚན་ལ་རྟ་མགྲིན་ཚེ་དབང་ཞེས།དགུང་ལོ་བདུན་པར་ཕེབས་དུས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་ཆོས་སྐོར་ཞུགས།དེ་རྗེས་ས་སྐྱ་སོག་ར་དགོན་དུ་ཕེབས་ཏེ་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ལ་བསླབས།དགུང་ལོ་བཅུ་བདུན་ཐོག་ཆོས་གྲོགས་འགའ་དང་ལྷན་དུ་ལྷ་ལྡན་དུ་བྱོན།གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་དགོན་གྱི་སྒོ་མང་གྲྭ་ཚང་ཝ་ཤུལ་མི་ཚན་དུ་སྒྲིག་ཞུགས་ཏེ་མི་ལོ་བཅོ་བརྒྱད་རིང་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་དཔྱིས་ཕྱིན་པར་མཛད།དགུང་ལོ་ཉི་ཤུའི་སྟེང་བསྙེན་རྫོགས་ཀྱི་སྡོམ་པ་བླངས།མཚན་ལ་བློ་བཟང་བསྟན་འཕེལ་ཞེས་གསོལ།གཞན་རྡོ་རྗེ་སློབ་དཔོན་དུ་མའི་ཞབས་དྲུང་དུ་རེག་སྟེ་གསང་བདེ་འཇིགས་སོགས་རྡོ་རྗེ་ཐེག་པའི་ཆོས་སྐོར་གྱི་དབང་ལུང་མན་ངག་གང་མང་ཐོབ།དེ་རྗེས་དགེ་བཤེས་ཀྱི་མཚན་བཏགས་བཞེས་ཏེ་ཕྱིར་ཁམས་ལི་ཐང་དུ་ཞབས་སོར་བཀོད།

    ལི་ཐང་དུ་ཕེབས་རྗེས་རྟག་ཏུ་འདུལ་བའི་བསླབ་པ་ལ་ཚུལ་བཞིན་གནས་པ་དང་།ལམ་གྱི་རིམ་པའི་བློ་སྦྱོང་གི་ཉམས་ལེན་ལ་བརྩོན་ཞིང་།ཡུལ་དེའི་སྡེ་ཤོག་མང་པོ་རུ་བྱོན་ཏེ་ལམ་རིམ་ནས་གཙོས་པའི་ཆོས་ཀྱི་འཁོར་ལོ་བསྐོར།གང་སར་མ་ཎི་འབྲུ་དྲུག་གི་ལུང་དང་ཕན་ཡོན་གསུངས།ལི་ཐང་ཡུལ་གྱི་དད་ལྡན་རྣམས་ནས་ཁོང་ལ་འདུལ་འཛིན་བླ་མ་དང་སྨར་ཀཾ(ཁམས)དགེ་བཤེས་ཞེས་འབོད།སྨར་ཀཾ་ཡང་ན་སྨར་ཁམས་ཞེས་པ་ནི་དགེ་བཤེས་ཚང་སྐུ་འཁྲུངས་སའི་ཁྱིམ་ཚང་གི་མིང་ཡིན་པས།དེ་ཕྱིར་ཁོང་ལ་སྨར་ཀཾ་དགེ་བཤེས་དང་སྨར་ཀཾ(ཁམས)དགེན་ཞེས་མཚན་དུ་གསོལ་ལོ།།

     རྗེས་སོར་དུས་ཟིང་སྐབས་སུ་བདེ་སྐྱིད་གྲོང་གི་མལ་གྲོ་ཞིང་སྲུང(ཞིང་ཁ་སྲུང་མཁན)ལ་བཞུགས།དེ་རྗེས་ཚྭ་ཁ་རུ་ཡུན་རིང་མཚམས་དང་སྒྲུབ་པ་ལ་གཞོལ།རྟག་ཏུ་སེམས་ངལ་ཅན་དང་ནད་པ་ཉམ་ཐག་པ་ཅན་དག་ལ་དམིགས་སུ་བཀའ་སློབ་དང་མན་ངག་གནང་།ལོ་རབས་བརྒྱད་ཅུའི་ནང་བསྟན་པ་སླར་གསོ་བའི་སྐབས་སུ་ལི་ཐང་གཡོན་རུ་རབ་རྒྱས་གླིང་དགོན་པའི་མཁན་པོ་དང་།ལི་ཐང་དགོན་ཆེན་གྱི་མཁན་པོ་མཛད།དགེ་ཚུལ་སློང་གོ་སྡོམ་པ་མང་པོ་གནང་།ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར།སློབ་བུ་ཡང་མང་པོ་བསྐྱངས་སོ།།

     སྤྱི་ལོ2009ཧོར་ཟླ་དང་པོའི་ཚེས་ལྔའི་ཉིན་ལི་ཐང་དགོན་ཆེན་སྨར་ཀཾ་བླ་བྲང་དུ་དགོངས་པ་ཆོས་དབྱིངས་སུ་བསྟིམས།དགུང་ལོ་དགུ་བཅུ་གོ་གཅིག་བཞུགས།བླ་མ་རིན་པོ་ཆེའི་ཚེ་གང་སྒྲུབ་པ་ཉམས་ལེན་དང་།གཞན་དོན་ཁོ་ན་ལ་རོལ་ཞིང་།ཞི་ཞིང་དུལ་བའི་ངང་ཚུལ་ཅན་ནས་སྔོན་བྱོན་བཀའ་གདམས་པའི་དགེ་བཤེས་ལྟར་གྱི་ལམ་རིམ་བླ་མའི་རྣམ་ཐར་ལེགས་པ་ཞིག་ས་སྟེང་དུ་བཞག་གོ།དགེའོ།།


  • ལེ་ཚན་སྔོན་མ།:ཀརྨ་སྒར་བྲིས་ཐང་གའི་རྒྱུན་འཛིན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།