ཀརྨ་སྒར་བྲིས་ཐང་གའི་རྒྱུན་འཛིན་པ།

བཀྲ་ཤིས་དཔལ་འབྱོར།        2021-03-03

   

ཀརྨ་སྒར་བྲིས་ཐང་གའི་རྒྱུན་འཛིན་པ།

   བུ་འདིག་ལ་མྱིང་ངོ་མ་ཚེ་དབང་རིག་འཛིན་ཟེར།ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་༡༩༥༠ལོ་སྡེ་དགེ་དཔལ་སྤུངས་ཤོང་དུ་སྐྱེས།མིང་སྲིང་བདུན་ཡོད་པ་ལས་ཁོང་ནི་ཆེ་བ་ཡིན། ལོ་བདུན་བརྒྱད་ཙམ་ནས་ཕ་མ་གཉིས་ལ་རོགས་བྱས་ཏེ་ཟོག་རྫི་འགྲོ་བ་དང་།  ཁྱིམ་དུ་ཡོད་སྐབས་ཀྱང་ཁོང་ཆེ་བ་ཡིན་པས་ཁྱིམ་ལས་ཚག་ཚིག་བྱེད་དགོས་བྱུང་ཡོད།ཅུང་ཟད་ཆེར་རྗེས་ཕ་རྒན་དང་མཉམ་དུ་མཉམ་ལས་ཁང་གི་ལས་ཀར་འགྲོ་མྱོང་། ཐང་བླ་ཚེ་དབང་དང་མཉམ་ལས་གཅིག་ཡིན་པས་ཕ་རྒན་དང་འབྲེལ་འདྲིས་ཆེའི་རྐྱེན་གྱིས་ནམ་རྒྱུན་འཕྲད་པའི་གོ་སྐབས་བྱུང་ཚེ་བླ་མ་ཚེ་དབང་ས་ལྐོག་ཏུ་རི་མོ་བསླབ་མྱོང་།      འོན་ཀྱང་ཐིག་ཚད་ནས་བཟུང་ཚད་ལྡན་གྱི་སློབ་སྦྱོང་བྱ་བའི་གོ་སྐབས་བྱུང་མེད། ཡི་གེ་སོགས་ཐུན་མོང་གི་རིག་གནས་གཞན་དེ་ལས་སློབ་སྦྱོང་བྱེད་མ་མྱོང་།  དེའང་ཐོག་མར་རྒྱུན་དུ་བླ་མ་ཚེ་དབང་འི་སྐུ་མདུན་དུ་གཅར་ནས་ལས་ཀ་ཚ་གི་ཚི་གི་དང་རིམ་གྱིས་ཚོན་ཕབ་སྦྱོར་སོགས་བྱས། དེ་ནས་ཐང་བླ་ཚེ་དབང་ཁོང་ལ་ཐུགས་དགྱེས་ནས་མེ་ཏོག་དང་སེམས་ཅན་གྱི་གཟུགས་རིས་བསླབས་ཏེ་ཁོང་ལ་་རི་མོ་བྲིས་དང་ཤེས་ས་འགི་གསུངས་མྱོང་།དེ་བཞིན་བླ་མ་ཚེ་དབང་ལ་འབྲལ་བ་མེད་པ་བརྟེན་ནས་མྱི་ལོ་བཞི་ཅུ་ལྷག་སོང་ཡོད།  བླ་མ་ཚེ་དབང་ལ་དངོས་སློབ་སུམ་བརྒྱ་ལྷག་ཡོད་ཀྱང་། དེ་དག་ལས་ཁོང་ལྟར་བླ་མ་ཚེ་དབང་ལ་བསྟེན་པ་ནི་སུའང་མེད།བླ་མ་ཚེ་དབང་གིས་ཀྱང་ཁོང་ལ་བུམ་པ་གང་བྱོལ་བའི་ཚུལ་དུ་བསླབས་ཡོད།      འོན་ཀྱང་ཁོང་ཉིད་ནས་ངའི་ཁྱིམ་དུ་དཀའ་ངལ་ཡོད་པའི་རྐྱེན་གྱིས་མགོ་མ་ཚོས་གོང་ནས་ལྕེ་བསྙབས་ཞེས་པ་ལྟར།      རི་མོ་མ་ཤེས་གོང་ནས་ཚོན་ཕབ་སྦྱོར་དང་ཚོན་བྲིས་བསླབས་པ་ཡིན། དེར་བརྟེན།ཚོན་ཕབ་སྦྱོར་དང་། ཚོན་མདངས་སྟངས་སོགས་ལ་བླ་མའི་མན་ངག་དང་ཁོ་བོའི་ཉམས་མྱོང་ཟུང་དུ་འབྲེལ་ནས་བྱུང་བས་ང་ལ་གདེང་ཚོད་དང་སྤོབས་པ་ཅུང་ཙམ་ཡོད་ཅེས་གསུངས།  དེའང་བོད་ལུགས་རི་མོའི་སྒྱུ་རྩལ་ཚོན་ལ་བརྟེན་དགོས་པ་དང་ཚོན་རྒྱུའང་རང་བྱུང་གི་རྡོ་ཚོན་གཏེར་རྒྱུ་ཤ་སྟག་ཡིན་ན་དེ་ལས་ལེགས་པ་དང་ཚོན་ཕབ་སྦྱོར་ཡང་གལ་ཆེ་སྟེ།     དཔེར་ན།ཀག་དང་རམས་ཀྱིས་ཚོན་མདངས་སྟངས།  བཅད་རྒྱག་ལུགས་ལ་ཉམས་མྱོང་ཆེ་ཆུང་ནི་ཞལ་ཐང་གི་སྤུས་ཀ་ལེགས་ཉེས་དང་ཐད་ཀ་འབྲེལ་བ་ཡོད་པས།    ཚོན་སྦྱོར་སྡེབ་བམ་ཚོན་ཕབ་པ་ལ་གཙང་སྤང་གཙང་མཐིང་བཅས་ཚོན་ཁྲོབ་རྒྱག་བྱེད་རྒྱུ། དཀར་སེར་དམར་སྔོ་ལྗང་བཅས་རྩ་བའི་ཚོན་ལྔ་དང་།ཡན་ལག་ཆེན་པོ་དགུ་དང་། འབྲིང་པོ་སོ་གཉིས། རྒྱས་པ་བརྒྱ་དང་ང་བརྒྱད་དུ་ཡོད་པ་རྣམས་ལ་ཡང་ཕ་མ་བུ་ཚ་དང་།  དགྲ་གྲོགས་སོགས་ཀྱི་རྣམ་བཞག་དང་། དེ་དག་དང་པོ་ཟན་ལྟ་བུ།   བར་དུ་ཞོ་ལྟ་བུ།ཐ་མར་ཧུབ་ལྟ་བུ།ཚོན་བྱུག་པ་ལའང་གཙོ་ཆེར། བཀྲག་བརྗིད་སྣུམ་གསུམ་འཛོམ་ན་ཚོན་གྱི་རབ། ཕྲ་གྲུང་དྭངས་གསུམ་འཛོམ་ན་བཅད་ཀྱི་རབ། འཇམ་མདངས་འཇའ་འོད་ཤར་འདྲ།འབར་མདངས་ཀུ་ཤའི་རྩེ་འདྲ།ཙག་མདངས་ཡུངས་གཞི་བརྡལ་འདྲ།སོགས་ནི་ཐུན་མིན་གྱི་ཞིབ་ཕྲའི་ཞལ་ཤེས་མན་ངག་དང་ལག་ལེན་ཉམས་མྱོང་ལས་བྱུང་བའོ།  །ཞེས་གསུངས།

  • ལེ་ཚན་སྔོན་མ།:ཀརྨ་སྒར་བྲིས་ཀྱི་ཆེད་རམས་པ་དགེ་དར་རྒྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།