ལྟག་ཨོ་རྒྱན་ཆོས་འཕེལ་དང་སྣང་གསར་ཐང་ག

ལྕང་ཞབས་འགྱུར་མེད་ཚེ་དབང་།        2019-07-09

ལྟག་ཨོ་རྒྱན་ཆོས་འཕེལ་དང་སྣང་གསར་ཐང་ག

གཅིག  བོད་ཀྱི་ཐང་གའི་འཕེལ་རིམ།

༡ བོན་པོ་ཐང་ག

 དེ་ཡང་རྒྱ་གར་དུ་ཐོག་མར་བཟོ་རྒྱལ་བི་ཤྭ་ཀརྨ་ནས་དར་བ་དང་།དེ་ནས་རིམ་བཞིན་དུ་ཤཱཀྱ་ཐུབ་པའི་སྐུ་དུས་སུ་སྟོན་པ་ཆུ་ལོན་མ་དང་འོད་ཟེར་མ་གཉིས་བྱུང་། དེའི་རྒྱུན་བལ་ཡུལ་དུ་དར། བལ་ཡུལ་གྱི་རི་མོ་དང་བོན་གཉིས་ནས་འདྲེས་ནས་བོད་དུ་དར་བའི་དུས་རིམ་གྱི་དུས་རབས།

༢ སྨན་རྙིང་ཐང་ག

གོང་ཞུས་ཀྱི་རྨང་གཞིའི་ཐོག་དར་བའི་བྱེའུ་སྒང་པའི་ལུགས་དང་།རྡོ་བ་བཀྲ་ཤིས་རྒྱལ་པོའི་ལུགས་སོགས་དར་རྗེས།མཁྱེན་བརྩེ་ཆེན་མོ་དང་། སྨན་བླ་དོན་འགྲུབ༼  ༡༦༡༧  ༽ ཀྱིས་གཙང་གི་རྡོ་བ་བཀྲ་ཤིས་རྒྱལ་པོ་ལ་བསྟེན། རྡོ་བ་བཀྲ་ཤིས་རྒྱལ་པོ་རིག་གཞུང་དང་ལག་ལེན་གཉིས་ཆ་ནས་ཁྱད་ཆོས་ཅན་གྱི་རི་མོའི་སྲོལ་གསར་པ་ཞིག་བཏོད་པ་དེ་ལ་སྨན་རྙིང་རི་མོ་ཟེར།འདི་ལ་རྒྱ་གར་དང་རྒྱ་ནག་བོད་ཡུལ་གསུམ་གྱི་རི་མོའི་ཁྱད་ཆོས་འཛོམས་ཡོད་ཟེར།

༣ སྨན་གསར་ཐང་ག

དེའི་རྗེས་གཙང་པ་ཆོས་དབྱིངས་རྒྱལ་པོས་སྨན་གསར་གྱི་སྲོལ་བཏོད་ནས།རིམ་བཞིན་ཁམས་ཆབ་མདོའི་ཕྱོགས་ནས་ལྷ་བྲིས་དེ་དར་ཞིང་རི་མོའི་ཉམས་འགྱུར་ཕུན་སུམ་ཚོགས་པ་ཞིག་རེད་ཅེས་བསྟོད་བསྔགས་ཐོབ། དེའི་རྗེས་འབྲངས་ཆབ་མདོའི་གྲུ་བ་ཕུར་བུ་ཚེ་རིང་གིས་སྨན་གསར་གྱི་ཚུལ་དུ། ཀ་ཐོག་དང་། སྡེ་དགེའི་པར་ཁང་སོགས་སུ་རི་མོ་ཉམས་འགྱུར་ངོ་མཚར་འབུམ་ལྡན་དུ་བྲིས།དེའི་རྗེས་འབྲངས་གྲུ་བ་བསོད་ནམས་ཚེ་རིང་དང་། དབང་འདུས། དབང་དགའ་སོགས་བྱུང་།

༤ ཀརྨ་སྒར་བྲིས།

ཀརྨ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ༼ ༡༦༠༤༽ ཀརྨ་སྒར་བྲིས་ཀྱི་སྲོལ་ལེགས་པར་བཏོད།རྒྱ་ནག་རི་མོ་དང་འདྲེས་ཆེ་བས། མཁའ་འགྲོའི་སྤྲིན་མདངས། རྒྱ་མཚོ་རླངས་མདངས་སོགས་དར་ཞིང་།ཐུན་མིན་གྱི་སྒྱུ་རྩལ་དང་ལྡན་ཞིང་། ཁྱད་ཆོས་འབུར་དུ་ཐོན་པའི་ཚུལ་ལ་ཀུན་གྱིས་རྩོད་མེད་དུ་ཁས་ལེན་གྱི་ཡོད།

༥ རེབ་གོང་ཐང་ག

སྐྱ་རིས་སྡེ་དགེའི་ཤིང་པར་གཞིར་བཞག་ཐོག་ནས།ཚོན་མདངས་མི་འདྲ་བ་བྱུང་བས་རེབ་གོང་སྒྱུ་རྩལ་ཞེས་སྐད་གྲགས་ཅན་དུ་གྱུར་ཟེར་བ་དང་། ཡང་སྤྱི་ལོ༡༠༢༨ལོར་སྙན་གྲགས་རྒྱ་མཚོ་བུ་སྤུན་གསུམ་གྱིས་བལ་ཡུལ་ནས་རི་མོའི་སྒྱུ་རྩལ་ལ་སྦྱངས་ནས། ཕྱིས་སུ་རེབ་གོང་དུ་དེའི་བསྟན་པ་སྤེལ་ནས་དར་བ་རེད་ཅེས་བཤད་སྲོལ་ཡང་ཡོད།

༦ མཐོང་སྒྲིབ་ཐང་ག

 བྲག་མགོའི་ལྷ་བཟོ་ནས་མཁའ་རྒྱན༼ ༡༨༠༠༽ གྱིས་མཐོང་སྒྲིབ་རི་མོའི་སྲོལ་བཏོད། རི་མོ་འདི་ལ་ཕྱི་གླིང་བའི་རི་མོའི་ཉམས་དང་ལྡན་ཟེར་སྲོལ་ཡོད།

གཉིས། ཐང་གའི་བཟོ་རྩལ་གསར་བསྐྲུན་གྱི་རང་བཞིན།

སྤྱིར་འཇིག་རྟེན་ཐོག་གི་བྱ་དངོས་ཀྱི་འཕེལ་རིམ་གང་ཞིག་ཡིན་རུང་།གསར་སྐྲུན་དང་། གསར་གཏོད་ཡོད་པ་དེ་ནི་བྱ་དངོས་དེ་ལ་དབུགས་གསར་པ་ཞིག་ཐོག་པ་དང་།རྒྱུན་བརྟན་དང་འཕེལ་རྒྱས་ཡོང་བའི་སྟོབས་ཤུགས་ཤིག་ཏུ་གྱུར་བ་ཡང་མངོན་སུམ་བསྙོན་མེད་རེད། དཔེར་ན་བོན་པོའི་དུས་རིམ་ནས་ད་ལྟའི་དུས་རིམ་ལ་བརྟེན་ན་ཡང་གོ་ཐུབ་པ་འདུག སྨན་རྙིང་དང་། ཀརྨ་སྒར་བྲིས། རེབ་གོང་བཟོ་རྩལ། མཐོང་སྒྲིབ་རི་མོ་སོགས་ཀྱི་འགྱུར་རིམ་ལ་ལྟོས་དང་གནས་ཚལ་མང་ཙམ་ཞིག་རྒྱུས་ལོན་ཐུབ་པ་འདུག  དེ་བས་མ་ཟད་ཁྱད་པར་དུ་དུས་རབས་གསར་པ་འདིའི་ནང་དུ་ཐང་གའི་བཟོ་རྩལ་ཐོག་ཏུ་མི་ཡི་འཚོ་བ་སྟེ།དཔའ་བོའི་དཔུང་ཤུགས།མཛེས་མའི་ཉམས་འགྱུར། མཐོན་པོའི་མངའ་ཐང་།སྤྲང་པོའི་མཁར་རྟེན།ཐ་ན་མེ་འབུད་ཆུ་ལེན་དང་བཅས་པ་ཕབ་འབྲི་བཞེང་བསྐྲུན་བྱེད་ཐུབ་པ་བྱུང་བ་འདིས་ཀྱང་།ཐང་གའི་བཟོ་རྩལ་གྱི་བསྟན་པ་དར་རྒྱས་དང་།ཁྱབ་ཁོངས་ཇེ་ཆེརབཏང་བའི་སྒུལ་ཤུགས་དངོས་མ་ཞིག་ཏུ་གྱུར་ཡོད།དེ་ལྟར་ན་ང་ཚོའི་རིག་གནས་དེ་ལ་རྒྱུན་འཛིན་དང་དར་སྤེལ་ཞིག་ཡོང་དགོས་ཀྱི་ཡོད་ལ།འོན་ཀྱང་རྒྱུན་འཛིན་རིག་གནས་ཀྱིས་དར་སྤེལ་རིག་གནས་བརླག་མི་ཤོར་བ་ཞིག་དང་།དར་སྤེལ་རིག་གནས་ཀྱིས་རྒྱུན་འཛིན་རིག་གནས་བརླག་མི་ཤོར་བ་ཞིག་ཅི་ནས་གལ་ཆེ།ང་ཚོ་ལ་སྲོལ་རྒྱུན་འཁྲབ་སའི་གར་སྟེགས་ཀྱང་དགོས་ལ།  དར་སྤེལ་འཁྲབ་སའི་གར་སྟེགས་ཀྱང་དགོས།  སྲོལ་རྒྱུན་གཞིར་བཞག་གི་ཐོག་ནས་དར་སྤེལ་གཏོང་དགོས།

ལྟག་ཨོ་རྒྱན་ཆོས་འཕེལ་དང་སྣང་གསར་ཐང་ག

ལྟག་ཨོ་རྒྱན་ཆོས་འཕེལ་དང་སྣང་གསར་ཐང་ག


ལྟག་ཨོ་རྒྱན་ཆོས་འཕེལ་དང་སྣང་གསར་ཐང་ག

གསུམ།   སྣང་གསར་གྱི་ཐང་ག

སྣང་གསར་གྱི་ཐང་ག་ནི་ཐང་གའི་བཟོ་རྩལ་གྱི་འཕེལ་རིམ་མི་འདྲ་བའི་རིམ་པ་ཞིག་རེད།དེ་ཡང་སྲོལ་རྒྱུན་བཟོ་རྩལ་ལ་དགག་པ་མེད་ཅིང་།  སྲོལ་རྒྱུན་བཟོ་རྩལ་གཞིར་བཞག་གི་ཐོག་ནས།སྣང་གསར་བཟོ་རྩལ་ཞིག་ཡོད་ཆོག་གི་འདུག་ལ།  ཡོད་དགོས་པ་ཞིག་ཀྱང་རེད།  སྲོལ་རྒྱུན་བཟོ་རྩལ་ལ་མོས་པ་དགའ་རབ་ཡོད་ཅིང་དེའི་ཕྱོགས་སུ་ནུས་པ་བཏོན་མཁན་ཡོད་ན་དེས་ཀྱང་འགྲིག་གི་འདུག་ལ།དུང་རབས་ཀྱི་སྣང་གསར་བཟོ་རྩལ་མོས་པ་ཡོད་ཅིང་དེའི་ཕྱོག་སུ་རྩལ་དུ་བཏོན་མཁན་ཡོད་ན་ཡང་འགྲིག་གི་འདུག  གང་ལྟར་བོད་ཀྱི་ཐང་ག་ཡིན་ན་ལྷ་དང་བླ་མ་ཁོ་ན་འབྲི་བཞེང་བྱེད་ས་ཡིན་མི་དགོས་ལ།འབྲི་བཞེང་དེ་ཡང་དཔེ་བཤུས་དང་།པར་ལོན་པར་ལྟ་བུའི་རིས་མལ་རིས་འགྲོ་དེ་ལས་ཀྱང་ཡིན་མི་དགོས།དཔེན་ན་སྔོན་རབས་ཀྱི་རི་མོ་པ་གྲགས་ཅན་ཀརྨ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེའི་སྒྱུ་རྩལ་ཕུན་སུམ་ཚོགས་པ།ཁྱད་ཆོས་འབུར་དུ་ཐོན་པ།ལྟ་ན་མིག་ལ་མཛེས་པ།བསམ་ན་ཡིད་དབང་འཕྲོག་པ།དྲན་ན་རྟོགས་རླབས་འཕྱུར་ཐུབ་པའི་དགེ་མཚན་འདི་ཡང་།  སྔོན་མེད་ཀྱི་ལྷ་རིས་སྒྱུ་རྩལ་གསར་པ་ཞིག་ཡིན་པ་ཡང་ཀུན་གྱིས་ཁས་ལེན་པ་བཞིན་ནོ།།དེར་བརྟེན་གནའ་སྲོལ་དེའི་ར་བ་ལས་བརྒལ་མི་ཆོག་པ་མ་ཡིན་པར།  དེའི་སྒོ་ལྕགས་བརྒྱབ་པ་ལྟ་བུ་མ་ཡིན་པར།སོར་གང་མཛུབ་གང་བཟོ་བཅོས་མི་ཆོག་ཅིང་རང་སོར་གནས་དགོས་ཟེར་བ་ལྟ་བུ་མ་ཡིན་པར།འཕེལ་རྒྱས་དང་དར་སྤེལ་ཡོང་དགོས་ཀྱི་ཡོད།དེར་བརྟེན་ད་ལམ་མིག་གི་དགའ་སྟོན་དུ་འགྱེད་པའི་སྣང་གསར་ཐང་ག་འདི་ནི་གསར་གཏོད་རང་ཡིན་ལ།འདི་འདྲའི་ཐང་ག་ཞིག་མིག་ལམ་དུ་གྱུར་མ་མྱོང་བ་ལྟ་བུ་ཞིག་ཆག་ཡོད།དེར་བརྟེན་སྣང་གསར་ཐང་ག་གསར་གཏོད་མཛད་པོའི་བློ་གྲོས་ཀྱི་བང་མཛོད་ལས་བླངས་པའི་སྣང་གསར་ཐང་གའི་དགོས་པ་དང་། དམིགས་ཡུལ།བྱེད་ལས་སོགས་ཅི་ནུས་ཤིག་ཟིན་བྲིས་སུ་བཏབ་པ་ལ།དེ་ཡང་ཐད་ཀར་ཇི་བཞིན་བརྗོད་པའི་རྩོལ་རྩལ་ཡང་ཡོད་ཆོག  རང་བཞིན་དྲང་པོར་བརྗོད་པའི་སྙོམས་འབབ་ཀྱི་མཐའ་ཡས་རྒྱ་མཚོ་ཡོད་ཆོག་ལ།སྒྱུ་རྩལ་གྱི་འཆར་སྒོ་མ་འགག་པའི་རྒྱ་མཚོའི་རླབས་ཀྱི་ཟེགས་མ་མཁའ་ལ་འཕྱུར་བ་དེ་ཡང་ཡོད་ཆོག་དེ་ལྟར་རྩོམ་རིག་ལ་རང་བཞིན་དྲང་བརྗོད་དང་། སྒྱུ་རྩལ་རྩོམ་རིག་གཉིས་ཡོད་ཆོག་པ་བཞིན་དུ།བཟོ་རྩལ་ལ་ཡང་རང་བཞིན་དྲང་འབྲི་དང་།སྣང་གསར་སྒྱུ་རྩལ་གྱི་རྟོགས་འབྲི་གཉིས་ཡོད་ཆོག་སྟེ།ཟླ་བ་ཟླ་བར་སྣང་བ་དང་།ཟླ་བ་མཛེས་མར་སྣང་བ་ཡོད་ཆོག་ལ།བླ་མ་བླ་མར་སྣང་བ་དང་།  བླ་མ་སངས་རྒྱས་སུ་སྣང་བ་ཡང་ཡོད་ཆོག་པ་བཞིན་ནོ།།སྤྱི་རི་མོ་པ་ཞིག་གིས་བྲིས་པའི་རི་མོ་དེ་ཡང་།  རྩོམ་རིག་ཅིག་ཡིན་རིང་།རི་མོ་པའི་བློ་གྲོས་སྒྱུ་རྩལ་གྱི་ཞིང་ཁམས་ནས་ཐོན་པའི་དགའ་སྐྱོ་སྐྱིད་སྡུག་གི་ཚོར་བ་སྣ་ཚོགས་པའི་རྟོག་རླབས་དེ་རི་མོའི་ལམ་ནས་བཞེངས་སྐྲུན་ཐུབ་ན།རི་མོ་དེ་ནི་སྲོག་གི་དབུགས་དབྱུང་ཐོབ་པའི་རི་མོ་ཞིག་ཡིན་ལ།ཚེ་བླ་སྲོག་གསུམ་འཛོམས་པའི་རི་མོ་གསོན་པོ་ཞིག་ཡིན།དེར་བརྟེན་རི་མོ་པའི་རྟོག་པའི་འཆར་སྒོ་ནས་ཐོན་པའི་སྒྱུ་རྩལ་གྱི་རྦ་རླབས་ཡོད་ཅིང་། སྒྱུ་རྩལ་དེས་མི་ཡི་རིགས་ལ་སྣང་ཚུལ་གསར་པ་དང་། བློ་སྟོབས་གསར་པ་ཞིག་སྦྱིན་ཐུབ་པར་མ་ཟད།  གངས་ཅན་བོད་པའི་ཐང་གའི་བཟོ་རྩལ་ཡང་དར་ཞིང་རྒྱས་པའི་རྒྱུར་འགྱུར་ངེས་ལ། དཔེར་ན་ཕྱི་གླིང་གི་བསམ་བློ་པ་བྷག་ལོ་ཧྲན་ཧྲང་གིས་རི་མོའི་འགྲེམས་སྟོན་ཞིག་གི་གྲལ་དུ།ཁོ་རང་གི་འགྲེམས་སྟོན་དུ་ཆབ་རྫ་ཞིག་ལ་རང་ཉིད་ཀྱི་མིང་དེ་བྲེས་ནས་བཤམས་པས།  ཀུན་གྱིས་ཐོག་མར་ཡ་མཚན་རུང་། རིམ་བཞིན་དེ་འདྲའི་སྒྱུ་རྩལ་ཡང་ཡོད་ཆོག་པ་ཞིག་རེད་ཅེས་ཁས་ལེན་པར་མ་ཟད།རི་མོ་གསར་པའི་སྒྱུ་རྩལ་གྱི་ཞིང་ཁམས་དེའི་སྒོ་འབྱེད་པའི་ལྡེ་མིག་ཏུ་གྱུར་སོང་བ་ལྟ་བུ་རེད།

ལྟག་ཨོ་རྒྱན་ཆོས་འཕེལ་དང་སྣང་གསར་ཐང་ག

ལྟག་ཨོ་རྒྱན་ཆོས་འཕེལ་དང་སྣང་གསར་ཐང་ག


བཞི།  སྣང་གསར་ཐང་གའི་སྲོལ་གཏོད་པ་པོ་ལྟག་ཨོ་རྒྱན་ཆོས་འཕེལ།

སྣང་གསར་ཐང་གའི་ལམ་སྲོལ་གསར་གཏོད་མཛད་པོ་ལྟག་ཨོ་རྒྱན་ཆོས་འཕེལ་ལགས་ནི།  ཆུང་ནས་ཤེས་རིག་གི་ནུ་ཞོ་མངར་མོ་ལ་རོལ་མྱོང་ཞིང་།  ཆེ་ནས་ཤེས་རིག་གི་ཀློང་ནས་འཚར་ལོངས་བྱུང་ཞིང་།  ཤེས་རིག་གི་འབྱུང་ཁུངས་གཞི་རྟེན་རི་ཆུ་ཀླུང་གསུམ། གངས་རི་དཀར་པོ། ས་གཞི་ནག་པོ། རྒྱ་མཚོའི་རླབས་སྒྲ་སོགས་ཁོར་ཡུག་རྒྱ་ཆེ་ས། གཏིང་ཟབ་སའི་རིག་གནས་ལ་ཆ་རྒྱུས་ཡོད་ནི། སྐད་ཡིག་ཀྱང་། རྒྱའི་སྐད་ཡིག་དང་། དབྱིན་ཇིའི་སྐད་ཡིག བོད་ཀྱི་སྐད་ཡིག་གསུམ་ཤེས་ནི།  ཁྱད་པར་དུ་བོད་ཀྱི་ཤེས་རིག་གཞི་དང་རྐང་བཟང་བ།  དེ་ལས་ཀྱང་ཆུང་ནས་རི་མོའི་སྒྱུ་རྩལ་ལ་མོས་པར་ཆེ་བར་མ་ཟད།  བོད་ཀྱི་ཐང་ག་འབྲི་ཤེས་པ་དང་།  ཕྱི་གླིང་པ་དང་།  རྒྱ་ནག་པའི་རི་མོ་ལ་ཡང་གང་འཚམས་ཀྱིས་ཆ་རྒྱུས་མངའ་བ།  ལྷན་སྐྱེས་ཀྱི་ཤེས་རིག་དང་།  སྦྱངས་སྟོབས་ཀྱི་ཤེས་རིག་གིས་སྒོ་ཀུན་ནས་ཕྱུག་པས་རྟོགས་རླབས་ཀྱང་ཁྱད་པར་ཅན་ཡོད་ནི།ཁྱད་པར་དུ་སྒྱུ་རྩལ་ལ་དུང་ཞེན་ཆེ་བ།  སྒྱུ་རྩལ་གྱི་བསམ་བློ་ཕུན་སུམ་ཚོགས་པ།  སྒྱུ་རྩལ་ལ་ལྟ་བའི་བློ་མིག་ཡངས་པ་སོགས་སྒྱུ་རྩལ་གྱི་སྐུ།སྒྱུ་རྩལ་གྱི་གསུངས། སྒྱུ་རྩལ་གྱི་ཐུགས་དང་ལྡན་པ་ཞིག་ཡིན་ལ།ད་ལམ་སྣང་གསར་ཐང་ག་རི་མོ་འདི་ཉིད་ཀྱང་ཁོང་གི་ནང་སྒྱུ་རྩལ་གྱི་ཞིང་ཁམས་ནས་སྣེ་ཟུར་ཞིག་མི་ཡི་ཡུལ་དུ་གསར་དུ་དགའ་སྟོན་འགྱེད་པ་ལགས་ན།སྒྱུ་རྩལ་འདིས་སྒྱུ་རྩལ་གསར་པ་གང་མང་མང་ཞིག་དབྱར་གྱི་མཚོ་མོ་བརྡོལ་བ་བཞིན་འཕེལ་རྒྱས་འོང་རྒྱུ་དང་།  ཁ་བ་གངས་ཅན་པའི་སྒྱུ་རྩལ་བློ་གྲོས་ཀྱི་སྒོ་མོ་ཡངས་པོར་ཕྱེ་སྟེེ།  བློ་གྲོས་ལ་བཀག་རྒྱ་མེད་པར་རྩོམ་རྩལ་ཕུན་སུམ་ཚོགས་པའི་འཆར་སྣང་དེ་ཕབ་འབྲི་བྱས་ཏེ།འཛམ་གླིང་ཤེས་རིག་གི་གླིང་ག་ན་བོད་པ་ཚང་གི་སྒྱུ་རྩལ་གྱི་རིག་པའི་རྣམས་གྲངས་མཐའ་ཡས་པ་ཞིག་མཐོང་ཐུབ་པ་དང་།འཛམ་གླིང་སྒྱུ་རྩལ་གྱི་བང་མཛོད་ནང་དུ་བོད་ཀྱི་ཤེས་རིག་གི་རྒྱུ་ནོར་ཡང་གང་མང་ཞིག་གསོག་ཐུབ་རྒྱུའི་རེ་བ་སྙིང་ལ་བཅངས་ཡོད།  ད་རེས་ཀྱི་སྣང་གསར་ཐང་ག་འདི་ལ་འབྲི་བ་པོ་རང་ཉིད་ཀྱི་ཚོར་སྣང་གི་གསལ་བཤད་མ་བྱས་ན་ཡང་།  གང་ཟག་སོ་སོའི་ཅི་སྣང་གི་ཚོར་བ་རེ་མྱོང་དགོས་པ་ལས།འབྲི་བ་པོའི་ཚོར་སྣང་དེས་ཕ་རོལ་པོའི་བློ་ལ་སྒྱུར་བཀོད་ཐེབས་མི་རུང་ཞིང་། གང་ཟག་སོ་སོའི་སྣང་ཚུལ་གྱི་ཚོར་བའི་རྟོགས་རླབས་རེ་ཡོད་དགོས་པ་ནི་སྒྱུ་རྩལ་འདིས་རེ་བ་ཉག་གཅིག་དེ་ཡིན་ལགས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

ལྟག་ཨོ་རྒྱན་ཆོས་འཕེལ་དང་སྣང་གསར་ཐང་ག

ལྟག་ཨོ་རྒྱན་ཆོས་འཕེལ་དང་སྣང་གསར་ཐང་ག

ལྟག་ཨོ་རྒྱན་ཆོས་འཕེལ་དང་སྣང་གསར་ཐང་ག


  • ལེ་ཚན་སྔོན་མ།:མཚུངས་མེད་དྲིན་གྱི་བདག་པོ། གངས་ལྗོངས་སློབ་གསོའི་དེད་དཔོན། སི་ཁྲོན་ཞིང་ཆེན་གྱི་ཆེས་མཐོའི་དགེ་རྒན་ཧོར་ཁོག་ཟླ་བ་བཟང་པོའི་སྐུའི་ལོ་རྒྱུས་རགས་བཀོད།
  • ལེ་ཚན་རྗེས་མ།:སྨྲ་བའི་སེང་ཆེན་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་གི་སྐུ་ཚེ་ཧྲིལ་པོའི་མཛད་པ་ཉུང་བསྡུས་སུ་བརྗོད་པ།
  • དོ་སྣང་ཆེ་བའི་རྩོམ།