མཐོ་སྒང་གི་ནམ་ཡང་མི་ནུབ་པའི་སྐར་མ་འོད་ཆེན།

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།    《འོད་ཟེར་ཚགས་པར》ལས་དྲངས་ནས་བསྒྱུར།    2020-08-31

བློ་མཐུན་ཕུན་ཚོགས་དབང་རྒྱལ་གྱི་གནས་ཚུལ་རགས་བཀོད།

མཐོ་སྒང་གི་ནམ་ཡང་མི་ནུབ་པའི་སྐར་མ་འོད་ཆེན།

     སྒོ་ར་ནང་པ་ཕུན་ཚོགས་དབང་རྒྱལ་ལམ་ཕུན་དབང་ནི་ཀྲུང་གུང་འབའ་ཐང་གསང་བའི་ཏང་གི་གསར་གཏོད་པ་ཡིན་ཞིང་། གསར་བརྗེ་རིག་པ་བ་དང་མཚན་ཉིད་རིག་པ་བ། མི་རིགས་གནད་དོན་གྱི་རིགས་གཞུང་བ་གྲགས་ཅན་ཡིན་ལ། རྒྱལ་ཡོངས་དམངས་ཆེན་མི་རིགས་དོན་གཅོད་ཨུ་ལྷན་གྱི་བློ་འདྲི་བ་དང་རྒྱལ་ཡོངས་དམངས་ཆེན་མི་རིགས་དོན་གཅོད་ཨུ་ལྷན་གྱི་དེ་སྔོན་གྱི་ཀྲུའུ་རེན་ཨུ་ཡོན་ཡིན་པ་རེད། ཕུན་དབང་བོད་རབ་རྒྱན་བཅུ་བདུན་པའི་ཤིང་རྟ་ལོའི་ཟླ་བ་དང་པོའི་ཚེས30ཉིན་ཏེ་སྤྱི་ལོ2014ལོའི་ཟླ་བ3པའི་ཚེས30ཉིན་གྱི་སྔ་དྲོའི་ཆུ་ཚོད7པར་རྒྱལ་ས་པེ་ཅིང་དུ་སྐུ་གཤེགས། དགུང་ལོ93བཞུགས། ཁོང་འདས་རྗེས་ཏང་དང་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་མི་ཕུལ་བྱུང་དང་། ཉམས་སད་ཡུན་རིང་ཐེབས་པའི་བློ་དཀར་གྱི་གུང་ཁྲན་རིང་ལུགས་འཐབ་འཛིང་པ། བོད་རིགས་མི་དམངས་ཀྱི་བུ་བཟང་པོ་ཞེས་པའི་གདེང་འཇོག་གནང་བ་རེད། 

གཅིག

    ཕུན་དབང་ནི་བོད་རབ་བྱུང་བཅོ་ལྔ་པའི་ལྕགས་བྱ་ལོའི་ཟླ་བ་བཅུ་པ་སྟེ། སྤྱི་ལོ1921ལོའི་ཟླ་བ12པར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འབའ་ཐང་རྫོང་དུ་འཁྲུངས། དགུང་ལོ13གྱི་སྐབས་སུ། ཁོང་ཞང་པོ་དང་ལྷན་དུ་ནན་ཅིང་དུ་ཕྱིན་ནས་ཀྲུང་གོ་གོ་མིན་ཏང་ཀྲུང་དབྱང་ཆབ་སྲིད་སློབ་གྲྭའི་ཁོངས་གཏོགས་སོག་བོད་སློབ་གྲྭར་སློབ་སྦྱོང་བྱས་ཏེ་གུང་ཁྲན་རིང་ལུགས་ཀྱི་བསམ་བློ་དང་ལེན་ཐོག་མར་ཞུས། 1939ལོར་ཕུན་དབང་དང་ཁོང་གི་སློབ་གྲོགས་དཀོན་མཆོག་བཀྲ་ཤིས་དང་། ངག་དབང་སྐལ་བཟང་། ཤེས་རབ། མ་རྒྱ་དོན་འགྲུབ་སོགས་ཀྱིས་སོག་བོད་སློབ་གྲྭར་གུང་ཁྲན་རིང་ལུགས་ཀྱི་བྱ་འགུལ་ཚོ་ཆུང་གསང་བའི་སྒོ་ནས་བཙུགས། ཕུན་དབང་སོགས་ཀྱིས་ཁྲུང་ཆིང་དུ་དམག་སྡེ་བརྒྱད་པའི་དོན་སྒྲུབ་ཁང་དུ་བློ་མཐུན་ཡེ་ཅན་ཡིང་དང་མཇལ་བཅར་བྱས་ནས་བོད་རིགས་གུང་ཁྲན་རིང་ལུགས་གསར་བརྗེའི་བྱ་འགུལ་ཚོ་ཆུང་གི་བྱེད་སྒོ་སྤེལ་ཚུལ་ཞུས་ཤིང་གསར་བརྗེའི་གནས་མཆོག་ཡན་ཨན་དུ་འགྲོ་འདོད་པའི་བསམ་ཚུལ་ཡང་ཞུས་པ་རེད། བློ་མཐུན་ཡེ་ཅན་ཡིང་གིས་ཝན་ནན་དུས་འགྱུར་གྱི་རྗེས་སུ། གོ་མིན་ཏང་གིས་མཐའ་ཁུལ་བཀག་སྡོམ་བྱས་པས་ཡན་ཨན་དུ་བསླེབ་དཀའ་བ་རེད། བོད་ཁུལ་དུ་ལོག་ནས་གསར་བརྗེའི་ལས་དོན་བསྒྲུབ་ན་འགྲིག་གི་རེད་ཅེས་གསུངས་པ་རེད། མཇལ་འཕྲད་མཐའ་མའི་ནང་དུ་ཡེ་ཅན་ཡིང་གིས་ཕུན་དབང་སོགས་ལ་བྱེད་སྒོའི་གྲོན་དངུལ་ཡང་སྤྲད་པ་རེད། ཕུན་དབང་ཁྲུང་ཆིང་ནས་ཕྱིར་ལོག་རྗེས་སྔ་ཕྱིར་ལྷ་སར་ཕེབས་ནས་མཐོ་སྒང་གུང་ཁྲན་རིང་ལུགས་བྱ་འགུལ་ཚོ་ཆུང་བཙུགས་ནས་གསར་བརྗེའི་རིགས་གཞུང་དང་མི་རིགས་སྲིད་ཇུས་དྲིལ་བསྒྲགས་བྱས་པ་རེད། 1946ལོར་ཀོང་པོ་ཚེ་རིང་(ཧའེ་ཀྲེང་ཐའོ)སོགས་བོད་རིགས་ཀྱི་ན་གཞོན་མང་པོ་ཡུན་ནན་བདེ་ཆེན་དུ་དྲག་པོའི་འོས་ལངས་བྱ་རྒྱུའི་གྲ་སྒྲིག་བྱས་ཀྱང་གསང་བ་ཤོར་ནས་ཕམ་ཉེས་བྱུང་སྟེ་ཀོང་པོ་ཚེ་རིང་གི་རང་སྲོག་ཤོར་བ་དང་། ཕུན་དབང་ཉེན་ཁ་ལས་ཐར་རྗེས་ཡང་བསྐྱར་ལྷ་སར་དགེ་རྒན་བྱས་ནས་མུ་མཐུད་དེ་གསར་བརྗེའི་བྱེད་སྒོ་སྤེལ་བ་རེད། 1949ལོར་ཕུན་དབང་གུང་ཁྲན་ཏང་གི་གསང་བའི་མི་སྣའི་དོགས་ཡོད་མི་སྣར་བརྩིས་ནས་བོད་བཀའ་ཤག་སྲིད་གཞུང་གིས་རྒྱང་ཕུད་བཏང་བ་དང་། ལྷ་ས་ནས་རྒྱ་གར་བརྒྱུད་ཡུན་ནན་དུ་ཕྱིན་ནས་ཡུན་ནན་ནུབ་བྱང་ཀྲུང་གུང་གསང་བའི་ཏང་རྩ་འཛུགས་དང་འབྲེལ་གཏུག་བྱུང་ནས་ཏང་ནང་བསྐྱར་དུ་ཞུགས། 

    1949ལོར་ཕུན་དབང་ཕ་ཡུལ་འབའ་ཐང་དུ་ལོག་ནས་ཀྲུང་གུང་ཁམས་བོད་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང(འབའ་ཐང་གསང་བའི་ཏང་)བཙུགས་ཤིང་ཧྲུའུ་ཅིའི་འགན་བཞེས། ཁོང་གིས་འབའ་ཐང་དུ་སྔོན་རྗེས་སུ་ཀྲུང་གུང་ཏང་མི46སྐྱེད་སྲིང་འཕེལ་རྒྱས་བཏང་ཡོད། གསང་བའི་ཏང་གི་མགོ་ཁྲིད་འོག་ཏུ། ད་དུང་མདོ་སྨད་དམངས་གཙོ་གཞོན་ནུ་མནའ་མཐུན་ཚོགས་པ་བཙུགས་ཤིང་སྤྱི་ཁྱབ་ཧྲུའུ་ཅིའི་འགན་ཡང་བཞེས། ཕུན་དབང་གིས་འགོ་ཁྲིད་གནང་འོག་གསང་བའི་ཏང་དང་མདོ་སྨད་དམངས་གཙོ་གཞོན་ནུ་མནའ་མཐུན་ཚོགས་པས་ཡུན་ནན་ནུབ་བྱང་ཕན་ཚུན་རྒྱབ་རྟེན་དུ་གྱུར་པའི་ཁམས་ཁུལ་གསར་བརྗེའི་གནས་གཞི་ས་ཁུལ་འཛུགས་མགོ་ཚུགས་པ་རེད། 1949ལོའི་ཟླ་བ11པར། འབའ་ཐང་གསང་བའི་ཏང་གིས་ཡོངས་བསྒྲགས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལྟ་བ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་གསར་བརྗེའི་གནས་ལུགས་བཤད་ནས་བཅིངས་འགྲོལ་གཏོང་བར་བསུ་མ་ཞུ་ཆེད་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། ང་རང་ནི1949ལོའི་ཟླ་བ9པར་ཕུན་དབང་གི་མདུན་དུ་མདོ་སྨད་དམངས་གཙོ་གཞོན་ནུ་མནའ་མཐུན་ཚོགས་པར་ཞུགས་པར་མ་ཟད། དེའི་ལོའི་ཟླ་བ11པར་དམ་བཅའ་བཞག་ནས་ཏང་ནང་ཞུགས་པ་ཡིན། ཕུན་དབང་གིས་ད་དུང་འབའ་ཐང་དུ་རིག་གནས་གསར་པའི་ཁྱིམ་གཞིས་ཞེས་པའི་དཔེ་ཀློག་ཁང་བཙུགས་པ་དང་། ནང་ལོགས་ནས་ཡར་ཐོན་ཅན་གྱི་དཔེ་ཆ་འབོར་ཆེན་འདྲེན་ཡོང་རེད། དཔེ་ཆ་ཁ་ཤས་ནི་ལོ་རབས40ཡི་འགོར་ཁྲུའུ་ཆིང་ནས་གསང་བའི་སྒོས་སྐྱེལ་འདྲེན་བྱེད་དུ་ཡོང་བ་དང་། ཁོང་གི་ཁྱིམ་ཚང་གི་ར་བར་སྦས་སྐུང་བྱས་ཡོད་པ་རེད། 

     ཕུན་དབང་ནི་གསར་བརྗེའི་གླུ་དབྱངས་བོད་སྐད་དུ་སྒྱུར་མཁན་ཐོག་མ་ཡིན་པ་རེད། 1939ལོར་ཁྲུང་ཆིང་དུ་ཡི་གེ་འདོན་པའི་སྐབས་སུ། ཁོང་གིས་《རྒྱལ་སྤྱིའི་གླུ་དབྱངས》བོད་ཡིག་ཏུ་བསྒྱུར་ནས་སློབ་མ་གཞོན་ནུ་ཚོའི་ནང་དུ་བརྒྱུད་ལེན་བྱེད་ཀྱི་ཡོད། ལོ་རབས40ཡི་མགོར་ལྷ་ས་རུ་ཁོང་གིས་གླུ་ཚིག་ལ་བཟོ་བཅོས་ཕྲན་བུ་གནང་ནས་《བློས་བླངས་དམག་གི་མདུན་སྐྱོད་གླུ་དབྱངས》དང་《ངེས་མེད་རྒོལ་རྡུང་རུ་ཁག་གི་གླུ》《དགྲ་བོའི་རྒྱབ་ཕྱོགས་སུ་འགྲོ》《ཡན་ཨན་ལ་བསྟོད་པ》《རྨ་ཆུ་ལ་བསྟོད་པ》《རྨ་ཆུའི་གླུ》《ཐའེ་ཧང་རི་བོར་ཡོད་དུས》《གཞོན་ནུར་བསྟོད་པ》བཅས་དང་། དེ་བཞིན་སུའུ་ལེན་གྱི་གླུ་དབྱངས《མེས་རྒྱལ་གྱི་མདུན་སྐྱོད་གླུ》དང་《རླུང་བུའི་གླུ》《གལ་སྲིད་སང་ཉིན་གི་དམག་འཐབ》བཅས་བོད་སྐད་དུ་བསྒྱུར་བ་རེད། བོད་ཀྱི་གཞོན་ནུ་ཁ་ཤས་ཀྱི་གླུ་དབྱངས་འདི་ཚོ་བླངས་ནས་གསར་བརྗེའི་འགྲོ་ལམ་དུ་བསྐྱོད་པ་དང་ཀྲུང་གོ་གསར་པ་དབུ་བརྙེས་པར་བསུ་མ་བྱས་པ་རེད། 

མཐོ་སྒང་གི་ནམ་ཡང་མི་ནུབ་པའི་སྐར་མ་འོད་ཆེན།
གཉིས།

    1950ལོའི་ཟླ་བ་དང་པོར། ཕུན་དབང་དང་ཀྲུང་གུང་ཀྲུང་དབྱང་བར་འབྲེལ་གཏུག་བྱུང་ཞིང་། ཀྲུང་དབྱང་གིས་གློག་འཕྲིན་བཏང་ནས་ཕུན་དབང་ཁྲུང་ཆིང་དུ་ཀྲུང་གུང་ལྷོ་ནུབ་ཅུས་དང་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ལིའུ་པེ་ཁྲེང་དང་། ཏེང་ཞའོ་ཕིང་། ཧའོ་ལུང་། ཝང་ཝེ་ཀྲུའུ་བཅས་དང་མཇལ་འཕྲད་བྱ་དགོས་པའི་བཀའ་གནང་བར་ལྟར་ཀྲུང་གུང་འབའ་ཐང་གསང་བའི་ཏང་གི་ལས་དོན་སྙན་ཞུ་བྱས་ཤིང་། བོད་ཞི་བས་བཅིངས་འགྲོལ་གཏོང་བའི་དོན་དག་ལ་གྲོས་མོལ་གནང་བ་རེད། དེའི་རྗེས་ཕུན་དབང་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་དང་ཆབ་མདོ་ཡན་ལག་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། དམག་མི་འབུམ་ཤོག18པའི་དམངས་མཁོའི་དངོས་རྫས་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་གཞོན་པ་བཅས་བསྐོ་གཞག་བྱས། 

  1950ལོའི་ཟླ་བ10པར། ཕུན་དབང་དར་མདོའི་དམག་དོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན16གི་ཡ་གྱལ་དུ་གྱུར། ཀྲུང་དབྱང་གིས་ལི་ཝུའུ་ཧན་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་དབུགས་བཞུགས་འཐུས་ཚབ་ཡིན་པ་དང་། ཀྲང་ཅིན་ཝུའུ་དང་ཀྲང་གོ་ཧྭ། ཧྲུན་ཀྲི་ཡོན་བཅས་འཐུས་མི་ཡིན་ལ། ཕུན་དབང་ཟུར་ཞུགས་འཐུས་ཚབ་ཡིན་པ་བཅས་དམིགས་འཛུགས་བྱས། ཕུན་དབང་གྲོས་མོལ་གྱི་ཐོག་མཐའ་བར་གསུམ་གྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་པ་རེད། དེའི་དུས་སུ་ཁོང་ཉིན་མོར་གྲོས་མོལ་དུ་ཞུགས་དགོས་པ་དང་། མཚན་མོར་ཀྲུང་དབྱང་འཐུས་ཚབ་དང་འབྲེལ་ཡོད་མགོ་ཁྲིད་ཚོ་དང་མཉམ་དུ་གནས་ཚུལ་ཞིབ་འཇུག་དང་གནས་བབ་དབྱེ་ཞིབ། ཐབས་ཇུས་གྲོས་བསྡུར་བཅས་བྱ་དགོས་ལ། ད་དུང་བོད་ས་གནས་སྲིད་གཞུང་གི་འཐུས་མི་དང་ཁ་བརྡ་གྲོས་མོལ་བྱས་ནས། གོ་སྐོན་བློ་འགུག་དང་གསེད་འགྲེལ་ལས་ཀ་བསྒྲུབ་དགོས་པ་རེད། ལོ་རྒྱུས་ཀྱི་རྐྱེན་པས་ཀྲུང་དབྱང་འཐུས་ཚབ་ཚོགས་པ་དང་བོད་ས་གནས་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་ལ་གནད་དོན་གལ་ཆེན་གྱི་ཐད་གོ་ནོར་དང་འགལ་ཟླ་ཚབས་ཆེན་ཡོད་པ་རེད། ཕུན་དབང་ཟུར་ཞུགས་འཐུས་ཚབ་དང་ཆབ་སྲིད་ལོ་ཙཱ་ཡིན་པའི་ཆ་ནས། བོད་ཞི་བས་བཅིངས་འགྲོལ་གཏོང་བའི་གྲོས་ཆིངས་དོན་ཚན་བཅུ་བདུན་མ་བཞག་པར་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད། 1951ལོའི་ཟླ་བ5པའི་ཚེས23ཉིན། ཀྲུང་དབྱང་དང་བོད་ས་གནས་སྲིད་གཞུང་གིས《བོད་ཞི་བས་བཅིངས་འགྲོལ་གཏོང་བའི་ཐབས་ཤེས་སྐོར་གྱི་གྲོས་ཆིངས》བཞག་པ་རེད། དེའི་ནུབ་མོར། གྲོལ་མོལ་ལམ་ལྷོངས་བྱུང་བའི་ཆང་སྟོན་ཐོག་ལི་ཝེ་ཧན་གྱིས་གསོལ་ཆང་བཀྱགས་ནས། དེ་རིང་ཆང་དང་པོ་བློ་མཐུན་ཕུན་ཚོགས་དབང་རྒྱལ་ལ་འབུལ་རྒྱུ་ཡིན། ཁོང་གིས་གྲོས་མོལ་ལམ་དུ་ལྷོང་བར་བྱས་རྗེས་ཆེན་པོ་བཞག་པ་རེད་ཅེས་བཤད་པ་རེད། དེའི་རྗེས་ཕུན་དབང་པེ་ཅིང་དུ་ཕྱིན་པ་དང་། མའོ་ཀྲུའུ་ཞིས་ཁོང་ལ《ལག་ལེན་གྱི་རྣམ་བཤད》ཅེས་པའི་དཔེ་ཆ་ཞིག་གནང་ཞིང་། མདུན་ཤོག་ནང་མར་བློ་མཐུན་ཕུན་ཚོགས་དབང་རྒྱལ། མའོ་ཙེ་ཏུང་ཞེས་པའི་ཕྱག་བྲིས་གནང་བ་རེད། དྲན་རྟེན་གྱི་དངོས་པོ་རྩ་ཆེན་འདི་ཕུན་དབང་དང་དཀའ་སྡུག་མཉམ་མྱོང་གིས་ད་བར་དུ་ཉར་ཚགས་གནང་ཡོད་པ་རེད། 

1953ལོར་ཀྲུང་དབྱང་གིས་ཕུན་དབང་གི་ལས་གནས་སྤོས་ནས་པེ་ཅིང་དུ་ཕྱག་ལས་སྒྲུབ་ཏུ་བཅུག 1954ལོའི་སྟོན་ཁར། ཏཱ་ལ་དང་པཎ་ཆེན་གཉིས་པེ་ཅིང་དུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་འཚོག་སར་ཡོང་བ་དང་། ཀྲུའུ་ཞི་མའོ་ཙེ་ཏུང་དང་། ཨུ་ཡོན་ཀྲང་ལིའུ་ཧྲའོ་ཆི། ཙུང་ལི་ཀྲོའུ་ཨེན་ལེ། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་སོགས་མགོ་ཁྲིད་རྣམ་པས་ཏཱ་ལའི་བླ་མ་དང་བཀའ་མོལ་གནང་སྐབས་ལོ་ཙཱ་ཕལ་ཆེར་ཕུན་དབང་གིས་མཛད་པ་རེད། 

1956ལོའི་ལོ་སྟོད་ལ། ཀྲུང་དབྱང་གིས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ལྷན་འཛུགས་པའི་ཐག་གཅོད་བྱས་ནས། ཁྲེན་དབྱི་ཡིས་སྣེ་ཁྲིད་གནང་བའི་ཀྲུང་དབྱང་འཐུས་ཚབ་ཚོགས་པ་རྟེན་འབྲེལ་ཞུ་བར་མངགས་པ་རེད། ཕུན་དབང་ཡང་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ལས་དོན་ཁྲོད་དུ་ཞུགས་སུ་བཅུག་ནས་ཁྲེན་དབྱི་དང་ལྷན་དུ་ལྷ་སར་འབྱོར། དུས་ཡུན་མི་རིང་བར་མའོ་ཀྲུའུ་ཞིའི་མཛུབ་སྟོན་ལྟར་བོད་ལྗོངས་སུ་ལས་གནས་དངོས་སུ་སྤོས་ནས། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ལྷན་གྱི་ཨུ་ཡོན་དང་དྲུང་ཡིག་ཆེན་མོ་གཞོན་པའི་འགན་བཞེས། དེ་ལོར་དམངས་གཙོ་རིང་ལུགས་གསར་པའི་གུང་གཞོན་ཚོགས་པའི་ཀྲུང་དབྱང་ཨུ་ཡོན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་འཐུས་མིར་བདམས་པ་རེད།

ཕུན་དབང་གིས་ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ནས་སྐྱེད་སྲིང་དང་འཕེལ་རྒྱས་བཏང་བའི་ཀྲུང་གུང་ཏང་མི་དང་མནའ་མཐུན་ཚོགས་མི་རྣམས་བོད་ཁུལ་གྱི་ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་ཤུགས་གསར་པར་གྱུར་པ་རེད། ང་རང་དང་མཉམ་དུ་འཚར་ལོངས་བྱུང་བའི་མི་མང་པོ་རྫོང་དང་ཁུལ། ཞིང་ཆེན།(རང་སྐྱོང་ལྗོངས)པུའུ་རིམ་པ་བཅས་ཀྱི་ཏང་སྲིད་ལས་ཁུངས་ཀྱི་འགོ་ཁྲིད་ཀྱི་འགན་བཞེས་ཡོད་པ་རེད།

བློ་མཐུན་ཕུན་དབང་སྐབས་དེ་ལོར་བོད་ལྗོངས་ལས་དོན་ཨུ་ལྷན་གྱི་གྲུབ་མི11ནང་གི་བོད་རིགས་ལས་བྱེད་པ་གཅིག་པུ་ཡིན་པའི་ཆ་ནས། བོད་ལྗོངས་ལས་དོན་ཨུ་ལྷན་དང་ཏཱ་ལའི་བླ་མ། བཀའ་ཤག་སྲིད་གཞུང་། མི་རིགས་ཆོས་ལུགས་ཀྱི་མཐོ་རིམ་མི་སྣ་བཅས་ཀྱི་བར་འབྲེལ་ཟམ་འཛུགས་པར་ནུས་པ་ཆེན་པོ་ཐོན་ཡོད་ཅིང་། ཏང་གིས་བོད་ཁུལ་དུ་རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་འཛུགས་པར་བྱས་རྗེས་མངོན་གསལ་བཞག་ཡོད་པ་རེད།

མཐོ་སྒང་གི་ནམ་ཡང་མི་ནུབ་པའི་སྐར་མ་འོད་ཆེན།
གསུམ།

    1960ལོར། ཕུན་དབང་ལ་གསར་བརྗེ་ངོ་ལོག་པའི་དོགས་ཡོད་ཉེས་ཅན་དང་མི་རིགས་རིང་ལུགས་ཀྱི་གྱོད་མིང་བཏགས་ནས་འཛིན་བཟུང་བྱས་ཏེ་བཙོན་ཁང་དུ་ཁེར་བཙོན་ལོ18བྱས་པ་རེད། པེ་ཅིང་གི་ཆིང་ཁྲེང་བཙོན་ཁང་དུ་ཕུན་དབང་གིས་འགལ་རྐྱེན་སྣ་ཚོགས་ཁྱད་དུ་བསད་ནས། མར་ཁེ་སི་དང་ཨེན་གེ་སི། ལེ་ཉིང་། སི་ཏ་ལིན་བཅས་ཀྱི་གསུང་འབུམ་ཕྱོགས་བསྒྲིགས་དང་། ཧེ་གེར་ཨེར་དང་ཧྥེ་ཨེར་པ་ཧ། ཕུའུ་ལེ་ཧན་ནོ་ཧྥུ། མའོ་ཙེ་ཏུང་། ལིའུ་ཧྲའོ་ཆི་བཅས་ཀྱི་གསུང་རྩོམ་ལྟ་ཀློག་ཐེངས་འགའ་བྱས་པ་རེད། 《འགལ་ཟླ་སྨྲ་བ》ཞེས་པའི་དེབ་དེ་མ་མཐའ་ཡང་ལྟ་ཐེངས50ཡན་ལ་ཟིན་ཡོད་པར་མ་ཟད། མར་ཁེ་སི་དང་ཨེན་གེ་སིའི་འབྲེལ་ཡོད་རྣམ་བཤད་དང་། ལེ་ཉིང་གི《ཆོས་ཉིད་རིག་པའི་ཟིན་བྲིས》 ཧེ་གེ་ཨེར་གྱི་གསུང་རྩོམ་བཅས་དང་གཤིབ་བསྡུར་བྱས་ནས་སློབ་སྦྱོང་དང་བསམ་གཞིག་གནང་བ་རེད། 

བློ་མཐུན་ཕུན་དབང་ལགས་བཙོན་ཁང་ཁྲོད་དུ་སྡུག་བསྔལ་ཚད་མེད་མྱོང་ཡོད་ན་ཡང་། ཁོང་གི་བློ་ཁོག་ཡངས་པོ་དང་བློ་བརྟན་ཞུམ་མེད་ཀྱི་སྤོབས་པས་ཤོག་བུ་དང་སྨྱུ་གུ་མེད་པའི་གནས་ཚུལ་འོག་ཏུ་སློབ་སྦྱོང་ལས་ཐོབ་པའི་ཉམས་མྱོང་དང་ཐོབ་ཆ་རྣམས་མི་བརྗེད་གཟུངས་སུ་བཏབ་པ་རེད། 

    1978ལོར། ཁོང་ལ་དཀར་འདོན་དག་སེལ་ཐོབ་སྟེ་ཆབ་སྲིད་ཀྱི་ལས་གནས་སུ་སླར་ཡང་ལོག་ཐུབ་ཡོད་ཅིང་། ནམ་རྒྱུན་གྱི་གཞུང་ལས་ཕུད་རྗེས། དེ་ནས་ཆོས་ཉིད་རིག་པར་ཞིབ་འཇུག་བློ་རྩེ་གཅིག་ཏུ་བསྒྲིམས་ཤིང་། ཡིག་འབྲུ་འབུམ་བརྒྱད་ཡོད་པའི་མར་ཁེ་སི་རིང་ལུགས་དངོས་གཙོ་རྩོད་སྒྲུབ་རིག་པའི་ཞིབ་འཇུག་ཆེད་རྩོམ《རྩོད་སྒྲུབ་རིག་པའི་གསར་དཔྱད》བརྩམས་པ་རེད། 1990ལོའི་ཟླ་བ11པར། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཕུན་ཚོགས་དབང་རྒྱལ་གྱིས་མཛད་པའི《རྩོད་སྒྲུབ་རིག་པའི་གསར་དཔྱད》ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་སུང་རེན་ཆུང་དང་། ཕེང་ཁྲུང་། ང་ཕོད་ངག་དབང་འཇིགས་མེད། ཧུའུ་ཧྲུན་བཅས་བཞུགས་མོལ་གྲོས་ཚོགས་སུ་ཞུགས་ཡོད་པ་རེད། སྐབས་དེར་ཀྲུང་དབྱང་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས་བཞིན་ཡོད་པའི་སུང་རེན་ཆུང་གིས་བཞུགས་མོལ་གྲོས་ཚོགས་ཐོག་ཏུ། བློ་མཐུན་ཕུན་ཚོགས་དབང་རྒྱལ་ནི་རང་རྒྱལ་གྱི་བོད་ཀྱི་མར་ཁེ་སི་རིང་ལུགས་པ་གྲགས་ཅན་ཡིན་ཞིང་། མར་ཁེ་སིའི་རིང་ལུགས་ཁྱབ་སྒྲོག་དང་ལྷག་པར་བོད་རིགས་ས་ཁུལ་དུ་མར་ཁེ་སི་རིང་ལུགས་ཁྱབ་སྒྲོག་བྱེད་པ་དང་། བོད་ལྗོངས་བཅིངས་འགྲོལ་དང་འཛུགས་སྐྲུན་བྱེད་པ། མི་རིགས་ཁག་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ་བྱས་རྗེས་དགེ་མཚན་ལྡན་པ་བཞག་ཡོད་པ་རེད་ཅེས་གསུངས་པ་རེད། གྲོས་ཚོགས་སུ་ཞུགས་པའི་མཚན་ཉིད་རིག་པའི་ལས་རིགས་ཀྱི་ཆེད་རམས་པ་ཚོས་ཕུན་དབང་གིས་མཛད་པའི《རྩོད་སྒྲུབ་རིག་པའི་གསར་དཔྱད》ལ་གདེང་འཇོག་གང་ལེགས་གནང་བ་རེད། ཀྲུང་གོའི་མར་ཁེ་སིའི་རིང་ལུགས་མཚན་ཉིད་རིག་པའི་ལོ་རྒྱུས་སློབ་ཚོགས་ཀྱིས་རྩོམ་སྒྲིག་བྱས་པའི《རྟོག་དཔྱོད་ཀྱི་མེ་ཏོག》ཅེས་པའི་སྔོན་འགྲོའི་གཏམ་ནང་དུ། དཔེ་ཆ་དེས་རང་རྒྱལ་རིགས་གཞུང་ལས་རིགས་དང་མི་རིགས་ཁག་གི་མི་དམངས་ཀྱི་ནང་དུ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པའི་བསྔགས་བརྗོད་བྱས་ཡོད་པ་རེད། 

ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཏེང་ཞའོ་ཕིང་དང་ཧུའུ་ཡའོ་པང་། ཅང་ཙེ་མིང་། ཞི་ཀྲུང་ཞུན་སོགས་ཀྱིས་ཕུན་དབང་ལ་ཐེངས་མང་མཇལ་འཕྲད་གནང་བ་དང་། ཁོང་གི་ལོ་རྒྱུས་ཀྱི་བྱས་རྗེས་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་ལ་དྲང་གཞག་མིན་པའི་རྐྱེན་ངན་དང་འཕྲད་པར་ཐུགས་ཁུར་དང་འཚམས་འདྲི་གནང་ཡོད་པ་རེད། 

    《རྩོད་སྒྲུབ་རིག་པའི་གསར་དཔྱད》ཕུད་པའི་ཁར། ཕུན་དབང་གིས་ད་དུང《ཟླ་བའི་གོ་ལའི་སླ་གཟུགས་ཀྱི་རྣམ་བཤད》ཅེས་པ་དང་།《རང་བྱེད་ཀྱི་བསམ་ཞིབ》དང་། ད་རུང་པར་སྐྲུན་བྱེད་མེད་པའི་རང་རྣམ《རྗེས་དྲན་དང་གསར་འཚོལ》སོགས་ཡོད། དེ་མིན་ཨ་རིའི་བོད་རིག་པ་བ་མེ•ཀོ་ཨེར་སི་ཐེན་དང་མཉམ་ལས་བྱས་ནས་པར་སྐྲུན་བྱས་པའི་དབྱིན་ཡིག་གི་དཔེ་ཆ《བོད་རིགས་གསར་བརྗེ་བ་ཞིག་སྟེ་ཕུན་ཚོགས་དབང་རྒྱལ་གྱི་ཆབ་སྲིད་ལོ་རྒྱུས》ཅེས་པའི་དེབ་ཅིག་ཀྱང་ཡོད་པ་རེད། 

    ཕུན་དབང་གཞོན་ནུའི་དུས་ནས་བཟུང་གུང་ཁྲན་རིང་ལུགས་ཀྱི་རྗེས་སུ་སྙེག་ཅིང་དད་འདུན་བྱེད་པ་དང་། མར་ལེ་རིང་ལུགས་དང་ཀྲུང་གོ་གུང་ཁྲན་ཏང་གི་ལྟ་བ་དྲིལ་སྒྲོག་བྱས་པ་རེད། ཀྲུང་དབྱང་མགོ་ཁྲིད་ཀྱིས་ཁོང་ནི་བོད་ཀྱི་མར་ཁེ་སི་རིང་ལུགས་པ་གྲགས་ཅན་ཡིན་ཞེས་བསྟོད་བསྔགས་གནང་ཡོད། ཁོང་ནི་བོད་རིགས་དམར་དམག་རྒྱང་སྐྱོད་ཀྱི་སྔོན་བྱོན་གསར་བརྗེ་བའི་རྗེས་ཀྱི་དུས་རིམ་སྔ་མའི་གུང་ཁྲན་ཏང་མི་ཕུལ་དུ་བྱུང་བ་ཡིན་ཞིང་། ཀྲུང་གོའི་གྲངས་ཉུང་མི་རིགས་འགོ་ཁྲིད་ལས་བྱེད་པས་གསང་བའི་ཏང་རྩ་འཛུགས་གསར་འཛུགས་བྱེད་པའི་བོད་ཀྱི་གསར་བརྗེ་བ་རྒན་གྲས་ཡིན་པ་རེད། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་བཅིངས་འགྲོལ་གཏོང་བ་དང་། བོད་ཁུལ་དུ་སྲིད་དབང་འཛུགས་ཤིང་སྲིད་འཛིན་གྱི་མགོ་ཁྲིད་གོ་གནས་འཛུགས་པར་ཕན་འབྲས་ཆེ་བའི་ལས་དོན་བསྒྲུབས་ཡོད་པ་རེད། 

     བློ་མཐུན་ཕུན་དབང་གི་སྐུ་ཚེ་ཧྲིལ་བོ་ནི་རང་གི་སྲིད་འཛིན་ཏང་ལ་བློ་སེམས་དཀར་བ་དང་། རང་གི་ཕུགས་འདུན་དད་སེམས་ལ་བློ་རྩ་བརྟན་པ། རང་གི་མི་རིགས་ལ་བློ་སེམས་དཀར་བ་བཅས་ཀྱི་སྐུ་ཚེ་ཧྲིལ་བོ་ཡིན་པ་རེད། ཁོང་གིས་བོད་ཁུལ་གྱི་དུས་རབས་ཤིག་གི་འཐུས་ཚབ་གནང་ཡོད། ཁོང་གི་སེམས་སུ་དྲན་རྒྱུ་ནི་བོད་རིགས་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ཡིན་ལ། ཁོང་གིས་བསམ་ཞིབ་དང་ཞིབ་འཇུག་གནང་རྒྱུ་ནི་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར། བོད་ཁུལ་ཡུན་རིང་བདེ་འགོད་དང་ཐུན་མོང་ངང་དར་རྒྱས་གོང་འཕེལ་ཡོང་བ་དེ་ཡིན་པ་རེད། ཕུན་དབང་ནི་བོད་ཀྱི་བུ་རྒྱུད་ཕུལ་དུ་བྱུང་བ་ཡིན་ཞིང་ལྷག་བསམ་རྣམ་པར་དག་པའི་གུང་ཁྲན་ཏང་མི་ཞིག་ཀྱང་ཡིན་པ་རེད། 

      ཕུན་དབང་ནི་དགེ་རྒན་ཡིན་ལ་སྙིང་གི་གྲོགས་པོ་ཡང་ཡིན། གསར་བརྗེར་ཞུགས་པའི་ལམ་ཁྲིད་པ་ཡང་ཡིན་པ་རེད། ཁོང་གིས་ང་རང་ལ་ཐེབས་པའི་ཤུགས་རྐྱེན་ཧ་ཅང་ཆེ། ཁོང་གི་གསར་བརྗེའི་ཕུགས་འདུན་དང་དད་སེམས་བློ་རྩ་བརྟན་པོ་ཡིན་པ་དང་། ཁོང་ལ་ཏང་དང་མི་དམངས་ཀྱི་ཆེད་དུ་སྒེར་སེམས་མེད་པའི་བློས་འབུལ་གྱི་སྙིང་སྟོབས་དང་། བདེན་དོན་ལ་རེ་སྙེག་བྱེད་ཅིང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པའི་སྙིང་སྟོབས། བསམ་བློ་བཅིངས་འགྲོལ་གཏོང་བ་དང་ཚེ་གཅིག་སློབ་སྦྱོང་ལ་འབད་བརྩོན་བྱེད་ཅིང་། བསམ་ཞིབ་དང་འཚོལ་ཞིབ་བྱེད་མཁས་པ། གསར་གཏོད་རྒྱུན་ཆད་མེད་པར་བྱེད་པའི་སྙིང་སྟོབས་ཡོད་པ་དང་། དེ་བཞིན་ཁོང་ལ་ཀུན་ལས་འགྲན་ཟླ་བྲལ་བའི་རྣམ་དཔྱོད་རིག་པ་དང་བློ་གཤོགས་ཆེན་པོ་ཡོད་ཅིང་། ལྷག་པར་དུ་སྐུ་ཚེ་ཧྲིལ་བོར་མནར་གཅོད་ཚད་མེད་ཐེབས་ཤིང་མི་ཁ་ཤས་ཀྱིས་སྐུར་འདེབས་དང་སྐྱོན་འཛུགས་བྱས་མོད། འོན་ཀྱང་ནམ་ཡང་བློ་ཁོག་ཡངས་པོས་བག་ཕེབས་ངང་ནས་ལན་སློག་པས་མ་ཚད། ཐ་ན་གསར་གཏོད་ཀྱི་བསམ་གཞིགས་ཀྱིས་དཔེ་ཆ་བརྩམས་ནས་རིགས་གཞུང་མཛད་དེ་རང་རྒྱལ་གྱི་རིགས་གཞུང་ནོར་མཛོད་དུ་གྲུབ་འབྲས་གསར་པ་བསྣན་པ་རེད། ཁོང་གི་ཕྱོགས་གང་ཅིའི་ཐད་ལ་བརྗིད་ཉམས་རྣམ་པར་ངོམས་པའི་ཚུལ་ནི་མི་ཕལ་བའི་བསམ་ཡུལ་ལས་འདས་སོ།། ཕུན་དབང་གི་མི་གཤིས་ཀྱི་ཡིད་དབང་འགུགས་ཤུགས་ནི་ཕྱོགས་མང་པོའི་ཐད་ནས་ཡིན་ཞིང་། འདས་པོ་ཞག་གིས་བརྒྱངས་ཤིང་མཚན་ཉིད་རིག་པ་བ་ཞིག་མི་མངོན་དབྱིངས་སུ་ནུབ་ཀྱང་། ཁོང་གི་སྙིང་སྟོབས་དང་ཤེས་རབ་ཀྱིས་ནམ་ཡང་ང་ཚོར་སྐུལ་མ་ཐེབས་དང་ཐེབས་བཞིན་ཡོད། 

    བློ་མཐུན་ཕུན་དབང་ལགས་སྐུ་གཤེགས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་གྱོང་གུན་ཆེན་པོ་ཞིག་ཡིན་ལ། བོད་མི་རིགས་ལ་ཡོན་ཏན་ལ་མངའ་བརྙེས་ཤིང་། བློ་སྤོབས་ཀུན་ལས་ལྷག་པ་དང་། ཀུན་སྤྱོད་བཟང་ཞིང་མཚན་སྙན་ཆེ་བ། དཔོན་བྱེད་སྤྱོད་གཙང་ཡིན་པའི་མགོ་ཁྲིད་གྲགས་ཅན་ཞིག་མེད་པར་སོང་བ་རེད། 

     ང་ཚོས་སྐྱོ་སྡུག་དེ་སྟོབས་ཤུགས་བསྒྱུར་དགོས་ཤིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་ཅིང་། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་དང་། ཀྲུང་གོ་གསར་པའི་ཁྱིམ་གཞིས་མཛེས་སྡུག་ལྡན་པ་འཛུགས་པའི་ཆེད་དུ་འབད་འཐབ་ལྷོད་མེད་བྱ་དགོས་སོ།།

     བློ་མཐུན་ཕུན་དབང་གིས་ཀྲུང་གོའི་ཕུགས་འདུན་འགྲུབ་མ་ཐུབ་པའི་བྱ་གཞག་མི་རབས་རྗེས་མར་བཞག་པ་དང་། གངས་ཅན་མཐོ་སྒང་གི་མཚན་མོའི་མཁའ་དབྱིངས་སུ་ནམ་ཡང་མི་ནུབ་པའི་སྐར་མ་འོད་ཆེན་ཞིག་འཆར་བཞིན་ཡོད་དོ།། 


  • ལེ་ཚན་སྔོན་མ།:སྨྲ་བའི་སེང་ཆེན་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་གི་སྐུ་ཚེ་ཧྲིལ་པོའི་མཛད་པ་ཉུང་བསྡུས་སུ་བརྗོད་པ།།
  • ལེ་ཚན་རྗེས་མ།:ཀརྨ་སྒར་བྲིས་ཀྱི་ཆེད་རམས་པ་དགེ་དར་རྒྱས།
  • དོ་སྣང་ཆེ་བའི་རྩོམ།