ཉི་ཟླ་དང་སྐར་མ།

གནུབས་རྒྱལ་མཚན།        2021-09-13

འཇིག་རྟེན་སྔ་ཕྱི་གང་དང་། ཚེ་རབས་ཕྲེང་བརྒྱུད་ཀྱི་རིང་ལ་བཀའ་དྲིན་མཚུངས་ཟླ་མེད་པ་ནི་སྙིང་ཉེ་བའི་ཕ་མ་གཉིས་ཀ་ཡིན། ཐོག་མར་སྲོག་གི་རྟེན་སྦྱིན། བར་དུ་འཇམ་པའི་གོས་གནང་། མཐའ་མར་སྐྱིད་པའི་གནས་མལ་བསྩལ། ཨ་མས་ཟླ་དགུ་ཞག་བཅུར་མངལ་དུ་སྦྲུམ། འགྲོ་ཆག་ཉལ་འདུག་དང་ཁ་ལག་བཟའ་བཏུང་གི་ཕྱོགས་ལའང་ནན་གྱིས་གཟབ་སྟེ་དོ་སྣང་བླ་ལྷག་ཆེན་པོ་བྱེད། མངལ་གྱི་བུས་པར་ཨ་ན་དང་མི་བདེ་བ་རེ་བཟོས་འཇོག་སྙམ་ཏེ་འདུག་ན་ལྷོད་པོར་དང་སོང་ན་དལ་མོར་བགྱི། བཟའ་བཏུང་གི་རིགས་ཀྱང་ཞིམ་པོ་མངར་མོ་དག་ཁར་མི་རེག་པ་དང་བཏུང་བྱའི་སིལ་ཁུ་དང་མངར་བཅུད་ཅན་ཞིག་ག་པར་བཏུང་སྟེ། ཇ་རྒོད་དང་ཆུ་འཁྱགས་དག་ཀྱང་མི་བཏུང་བར་སྐོམ་ཡང་བསྲོན་པ་དང་ལྟོགས་ཀྱང་བཟོད་པར་ནུས། ཉལ་ན་མངལ་གྱི་བུས་པར་སེམས་ཚེགས་དང་སད་ན་མངལ་གྱི་བུས་པར་ལས་ཚེགས་མྱངས་ཏེ་ཉིན་མཚན་གྱི་གོ་ལྡོག་གཉིད་ཆག་གི་ཟས་བརྗེད། ཉིན་ལ་ཉིན་མཐུད་ཟླ་ལ་ཟླ་སྦྲེལ་ཏེ་མངལ་གྱི་བུས་པ་བདེ་འཚམས་ངང་སྐྱེས་པར་སེམས་ཤུགས་གང་རུང་གིས་སྨོན་ལམ་དང་གསོལ་འདེབས་ཞུས།

སྐྱེས་ན་ནད་མེད་ཅིང་སྐྱེ་དབང་ཐམས་ཅད་བདེ་ལེགས་མཐུན་འགྲིག་ཅིག་ཡིན་པར་རེ་སྨོན་དང་གཡང་འབོད་སྒྲོག རང་ལུས་ཀྱི་ན་ཟུག་དང་གདུང་བསྐྱེད་སོགས་ཡོད་ཚད་ཅི་མི་སྙམ་པའི་ངང་རང་སོར་བཞག་སྟེ། མིག་ཟུང་ཕུར་ཚུགས་སུ་བསྡུས་ཏེ་དགའ་སྣང་དང་རེ་བའི་བློ་རྒྱ་ཀེར་ཏེ་བུས་པ་འཚམས་པོར་ངང་སྐྱེས་པར་སྨོན་ཚིག་དང་ཤིས་པ་འཕངས་མེད་བརྗོད། སྐྱབས་འཇུག་དང་གསོལ་འདེབས་གྲངས་མེད་ཞུ། ཨ་ཕར་མཚོན་ནའང་ཆུང་མའི་མངལ་དུ་འཁོར་བའི་བུས་པ་བདེ་ལེགས་ངང་སྐྱེ་ཐུབ་པར་ནམ་ལངས་ན་མུན་རུབ་ན་སེམས་ཁུར་དང་རེ་ལྟོས་འཆའ། ཨ་ཕར་ཨ་མའི་ལུས་སེམས་གཉིས་ཀའི་ན་ཟུག་དང་དཀའ་ཚེགས་དེ་འདྲ་མེད་ཀྱང་། གཞན་དང་བསྡུར་ཐབས་མེད་པའི་སེམས་ཁུར། གང་དང་དཔག་པར་བྲལ་བའི་གནོན་ཤུགས། ཅི་དང་འགྲན་པར་དབེན་པའི་ངལ་བ་སོགས་མང་བོ་ཞིག་འདུག། བུས་པ་སྐྱེས་རྗེས་སུ་ནད་མེད་བདེ་དགའི་ཀློང་ནར་དུ་སོན་ཞིང་བློ་རིག་གི་མེ་ལོང་གསལ་བ། རྣམ་དཔྱོད་ཀྱི་དཔལ་སྟུག་པ། ལང་ཚོའི་མེ་ཏོག་མཛེས་པ། གཏན་ཚིགས་ཀྱི་རང་གཤིས་སྣུམ་པ། ཤེས་རིག་གི་ཆ་ལུགས་ཐོགས་པ། ཡ་རབས་ཀྱི་ཚུལ་མཐུན་འཛོམས་པ། མི་གཤིས་ཀྱི་རྒྱུ་བ་བཟང་བ། འཇོན་ཐང་གི་ནུས་པ་ལྡན་པ། ཀུན་དང་མཐུན་སྦྱོར་སྡེབས་པ། སྤྱོད་ལམ་གྱི་གསང་སྒོ་གཙང་བ། གང་ལ་སོང་ཡང་ཁ་དགེ་བཀྲ་ཤིས། གང་དུ་བསྡད་ཀྱང་རླུང་རྟ་དར་བ། ལས་ཅི་བྱས་ཀྱང་བར་ཆད་མེད་པའི་སྨོན་ཚིག། དོན་གང་སྒྲུབ་ཀྱང་ཆོས་བཞིན་འགྲུབ་པའི་སྨོན་ལམ། མདོར་ན་ཕ་མ་གཉིས་ཀས་ཚེ་ཡི་མེ་ཏོག་དཀར་བོ་མ་རྙིད་བར་དུ་ཟས་གང་ཞིམ་པོ་བུས་པ་དག་ལ་སྦྱིན། གོས་གང་ཡག་གང་འཇམ་ཡོད་ཚད་བུས་པ་རྣམས་ལ་བསྐོན། ཐ་ན་རང་གི་ཚེ་གང་བོར་བསགས་པའི་རྒྱུ་ནོར་ཁུག་མ་གང་བོའང་བུས་པ་ཚོ་ལ་བསྐྱུར་ཏེ་བུད་འགྲོ། ཕ་མ་གཉིས་ནི་བཀའ་དྲིན་བླ་ལྷག་ཅན་གྱི་མགོན་པོ་མཆོག་ཉིད་ཡིན། དཔེར་ཞིག་དྲངས་ན་སྨྱུག་ཐོགས་པ་འཇུ་སྐལ་བཟང་ལགས་ཀྱིས“དྲིན་ཕ་མ་ཉི་ཟླ་རྙེད་མེད་རེད། །” ཅེས་པ་ལས་མ་འདས་སོ།།

འཇིག་རྟེན་སྟེང་གི་ཕ་མ་གཉིས་པ་ནི་དགེ་རྒན་ཡིན་ལ། དགེ་རྒན་གྱིས་རང་གི་ཤེས་རབ་ཀྱི་རྩལ་བཏོན་ཏེ་བློ་རྨོངས་པའི་བུ་ཕྲུག་མང་བོ་ཞིག་གི་མུན་པ་སེལ་གྱིན་ཡོད། དགེ་རྒན་གྱིས་ཚེ་སྲོག་གི་ས་བོན་གསོན་པོ་གནང་ཐུབ་ཀྱིན་མེད་ནའང་། དགེ་རྒན་གྱིས་ས་བོན་གསོན་པོ་ལ་མཚར་སྡུག་གི་དཔལ་ཡོན་སྐྲུན་གྱིན་ཡོད། དགེ་རྒན་གྱིས་ཀྱང་ཕ་མ་གཉིས་ཀ་ལྟར་བུ་ཕྲུག་མང་བོ་སེམས་ཚེགས་ཀྱིས་བསྐྱངས་ཤིང་། མིག་འབྲས་ཀྱིས་འཚོས་ཏེ་ཉིན་རྒྱུན་གསེར་ལས་ལྷག་པའི་ཡོན་ཏན་གྱི་བདུད་རྩི་གནང་གིན་ཡོད། དང་བོར་བོད་རྒྱ་དབྱིན་གསུམ་གྱི་དབྱངས་གསལ་སྦྱོར་ཀློག་ངོས་འཛིན་དང་ཚེག་སྡུད་འབྲི་སྦྱོང་ཁྲིད། བར་དུ་སུམ་རྟགས་དག་གསུམ་གྱི་སྡེབ་སྦྱོར་དང་སྤྱི་འགྲོས། ཡི་གེའི་དག་ཆའི་སྙོམས་སྒྲིག འཕྲད་དང་རྣམ་དབྱེའི་གོ་དོན། བྱ་ཚིག་དང་དུས་གསུམ་གྱི་རྣམ་གཞག་སོགས་བསླབ། ཐ་མར་དཔེ་ཀློག་གི་ཐབས་ལམ། བློ་སྦྱོང་གི་རྩལ་འདོན་སྟངས། ཤེས་རིག་གི་སྒོ་མོར་འཇུག་ཚུལ། ལེགས་ཉེས་ཀྱི་དཔྱོད་ཤེས་དག་ཐེར་འདོན་ཚུལ། སྤངས་བླངས་ཀྱི་ཆ་ལ་གསལ་ཁ་འབྱེད་ཚུལ་སོགས་ཆོས་འཇིག་རྟེན་གཉིས་ཀྱི་འགྲོ་སྟངས། ལམ་རྡོག་ཕྱོགས་གཉིས་ཀྱི་གཡས་གཡོན། ཆོས་རང་བཞིན་གྱི་ངོ་བོ། ལས་བདེན་པ་གཙུག་ཏུ་འཛིན་པའི་གོམས་སྲོལ། ལས་རྒྱུ་འབྲས་མིག་བཞིན་སྲུང་པའི་སྤོབས་པ། གང་དེར་དམིགས་སུ་བཟུང་ན་རུང་བའི་དགེ་མཚན། གང་ཉིད་སྤྱི་བོར་བཀུར་ན་འོས་པའི་དཔྱོད་ཤེས་སོགས་མ་ཤེས་པའི་ཡོན་ཏན་མང་བོ་གཅིག་གཅིག་གཉིས་གཉིས་རྒྱུད་ལ་སྦྱོར་གྱིན་ཡོད། དགེ་རྒན་ནི་ཕ་མ་གཉིས་པ་ཡིན་ཞིང་རྫོགས་མཐའ་མེད་པའི་བྱམས་བརྩེས་བསྐྱངས་ཏེ་འཇིག་རྟེན་གྱི་སྤྱོད་ལུགས་བཟང་བོ་ལ་གོམས་པའི་སྐུལ་མ་ཡང་ཡང་གཏོང་གིན་ཡོད། སྣ་ཚོགས་ཀྱི་གྲངས་མཐའ་མེད་པའི་ཤེས་རིག་གི་ཉིང་བཅུད་མང་བོ་གཞོགས་གཅིག་ཏུ་བསྡུས་ཏེ་རིན་མེད་པའི་གཏོང་ཕོད་ཆེན་པོས་བུ་ཕྲུག་མང་བོའི་མི་ཚེའི་དན་རྟགས་སུ་སྩོལ་གྱིན་ཡོད། ཉིན་མོར་བསྟུད་མར་དཔེ་ཁྲིད་བགྱིས་ཤིང་ངལ་བ་ཁྱད་དུ་བསད། མཚན་མོར་དཔེ་ཀློག་དང་སློབ་ཁྲིད་ལ་གྲ་སྒྲིག་བགྱིས་ཏེ་གཉིད་ཀྱང་གཅོག་གིན་སློབ་ཕྲུག་ཚོའི་དོན་དུ་དཀའ་ཚེགས་གདོང་གིས་བསུས། མདོར་ན་ཕ་མ་གཉིས་པ་སྟེ་དགེ་རྒན་ནི་རླབས་ཆེ་བའི་མི་རིགས་ཤིག་གི་སྙོང་ནོར་དང་གཟི་བརྗིད་ཆེན་པོ་ཞིག་ཡིན།



  • ལེ་ཚན་སྔོན་མ།:བཀའ་དྲིན་ཆེ་བའི་མི།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།