སྟོན་རླུང་ལྡང་རྗེས།

ཁམས་པ་རབ་དབྱངས།        2021-09-17

སྟོན་རླུང་ལྡང་སོང་། སྟོན་རླུང་ཡོངས་སུ་ལངས་ཟིན་རྗེས། རང་བྱུང་ཁམས་ཀྱི་གཙང་དྲི་དང་། མཛེས་པ་སོགས་རྒྱང་རིང་ཞིག་ཏུ་སྤུར་སོང་། རྣ་བར་འབབ་པའི་བྱ་དང་བྱིའུ་དག་གི་སྨྲ་བའང་འགག་ལ་ཉེ་འདུག། ངའི་ཁ་གཏད་ཀྱི་ལྡུམ་རའི་ནང་གི་མེ་ཏོག་དག་ཀྱང་ཐལ་རྡུལ་ཞིག་ཏུ་གྱུར་ཏེ་བདག་གི་མཐོང་སྣང་ལས་ཡལ་སོང་། འོན་ཀྱང་ཤུལ་དུ་ལྷག་ཡོད་པ་ཞིག་ནི་མྱ་ངན་གྱི་ཡུལ་དུ་གྱུར་པའི་སྡོང་རྒན་སྐྱ་སྐྱ་ཞིག་གམ། ཡང་ན་སྐྱོ་བའི་འཁུན་སྒྲ་གཅིག་གོ །

སྟོན་ཟླ་ཚེས་དུས། ལོ་འདབ་ཆ་ཚང་སྨིན་ཟིན་པའི་སྡོང་རྒན། སླར་ཡང་འདབ་ལོ་རེ་རེ་ནས་ས་ལ་མར་ཟག་འགྲོ་བར་མཐོང་ཡོང་། དེ་དང་ཆ་འདྲ་བ་མཛེས་པ་དང་། ལེགས་པ་སོགས་སྔར་གྱི་ངོ་བོ་ཡོངས་སུ་བོར་བའི་དངོས་པོ་ཞིག་རལ་མང་དག་ཅིག་མཐོང་སྲིད། དེ་དག་ནི་མི་རྟག་པའི་གོ་རིམ་ཞིག་ཡིན། དེ་དག་ནི་མི་རྟག་པས་ལྐོག་ནས་ང་ཚོའི་ལག་ནས་འཕྲོག་བཅོམ་བྱེད་སྟངས་ཤིག་རེད་མི་འདུག་གམ།

སྟོན་རླུང་ཐེངས་གཅིག་ལངས་རྗེས། ཕྱི་རོལ་ན་ཡོད་ཚད་འཕྲོག་བཅོམ་བྱས་སོང་བ་ལྟར་ཤོར་བ་མང་ནའང་། ནང་རྟོགས་པ་ཇེ་མཐོར་སོང་བ་ལ་རྐྱེན་དུ་གྱུར་འདུག་པས་སྐྱོན་མི་འདུག། ག་ལེ་བསམ་མནོ་གཏོང་ན། མཛེས་པ་དང་། ཆགས་པ། སྡང་བ། ཞིམ་པོ། འཇམ་པོ་སོགས་མཐོང་སྣང་གི་དངོས་པོ་མང་དག་ཅིག་རྒྱང་དུ་བསྐྱུར་བའི་རྣལ་འབྱོར་པ་དེ་དག་རི་སྐྱེས་རི་དྭགས་ཤིག་དང་འདྲ་འདྲ། རིའི་རྩེ་མོ་ཞིག་ནས་ཁ་ནས་མི་རྟག་པའི་གླེང་མོལ་བྱེད་ཞོར། འདོད་ཆུང་ཆོག་ཤེས་ཀྱི་འཚོ་བས་མི་ཚེ་ཅིའི་ཕྱིར་སྐྱེལ་བའང་མཐོང་སོང་།

སྐད་ཅིག་མ་དང་རྒྱང་ཐག་རིང་བའི་མི་དག་ལ་བལྟས་ན། ཐོབ་པ་འཛུམ་མདངས་དང་། ཤོར་བ་ནི་མིག་ཆུ་ཞིག་རེད་འདུག འཛོམ་པ་དགོད་སྒྲ་དང་། གྱེས་པ་ནི་དེ་ལས་ཀྱང་ངར་ཤུགས་ཆེ་བའི་ངུ་སྒྲ་ཞིག་རེད་མི་འདུག་གམ། ཡང་སྐད་ཅིག་མ་དང་ཡོངས་སུ་ཉེ་བའི་མི་དག་ལ་བལྟས་ན། ཐོབ་ཤོར་དང་། གྱེས་བྲལ་སོགས་ཀྱིས་དགའ་སྡུག་གང་ཡང་སྤྲད་ཐུབ་ཀྱི་མི་འདུག། དེས་ན་དེ་ལས་ཀྱང་ཟབ་པའི་གནས་ལུགས་དང་ཡོངས་སུ་ཉེ་བའི་མི་དག་ནི་དེ་ལས་ཀྱང་སྲ་མོ་ཞིག་དང་། གཡོ་བ་མེད་པ་ཞིག་ཡིན་རྒྱུ་མ་རེད་དམ།

ངས་མཐོང་ཡུལ་གྱི་དངོས་པོ་འདི་དག་གི་རྣམ་པ་རྦད་དེ་གྱུར་སོང་། གཡས་གཡོན་གཉིས་ནས་གྱེན་དུ་ལངས་པའི་རི་བོ་དང་། སྟོན་རླུང་གིས་ཡོམ་ཡོམ་དུ་སྒུལ་བའི་རྒྱབ་ཕྱོགས་ཀྱི་སྡོང་རྒན་སྐྱ་བོ་འདི་དག་ནི་མྱ་ངན་སྐྱེ་བར་རྐྱེན་དུ་སྤྲུལ་ཏེ། ཏག་ཏག་ཆོག་ཤེས་དང་འབྲེལ་བའི་མྱ་ངན་ཞིག་གམ། ཡང་ན་ངེས་འབྱུང་སྤུ་སུ་ཞིག་སྐྱེས་མ་བྱུང་ངམ།



  • ལེ་ཚན་སྔོན་མ།:ཉི་ཟླ་དང་སྐར་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།