སྟོན་མཇུག་གི་གཙང་པོ།

རྨོག་ཐང་དཀར།        2021-09-17

སྟོན་མཇུག་གི་གཙང་པོ།

སྟོན་རླུང་གཡུག་ཐེངས་ཤིག་གིས། བྱ་དངོས་གང་མང་ཞིག་ཡང་སྙིང་གིས་སྟོང་བའི་ཐལ་རྡོ་བཞིན་རྒུད་པའི་ལམ་དུ་བསྐྱལ། ཉམས་ཐག་པའི་སྣང་ཚུལ་དེར་ཚོན་མདོག་གཞི་མེད་དུ་གྱུར་ཞིང་། མིག་ལམ་དུ་སྣང་བའི་འཇིག་རྟེན་ནི་ཚོད་དཔག་ལས་ཀྱང་རིང་དུ་བརྒལ། རྟ་ཕོའི་རྨིག་སྒྲས་གཏོར་བའི་ས་རྡུལ་དེའང་སྲ་འཐས་སུ་གྱུར་ཏེ། རྟ་ཕོའི་འཚེར་སྐད་ཀྱི་ཀློང་དུ་ཉམ་ང་བའི་སྐྱོ་ཡུས་འཁོར། འོད་སྣང་མཐའ་དག་རྡོ་ལ་བརྡབ་སོང་ངམ། དྲོད་ཁོལ་གྱི་འཇིག་རྟེན་ལ་ཉེ་བར་བཅར་འདོད་ཀྱི་ཡི་ག་འགག་སོང་། ལྷོ་ཕྱོགས་ཀྱི་གཙང་པོ་དེ་ཉམས་ལྷོད་པོར་བཞུར་བཞིན་འདུག་ཀྱང་། གཙང་འགྲམ་གྱི་ཁྲུང་ཁྲུང་དག་རྒྱང་རིང་ལ་དམིགས་ནས་གཤོག་པ་རྡེབ་ཀྱིན་འདུག། ཁྲུང་ཁྲུང་དག་ལྷོ་ནས་ལྡོག་རྗེས། གཙང་པོའི་རྦ་རླབས་ཀྱི་མཛེས་སྡུག་གཞན་ཞིག་གཏོལ་མེད་དུ་ཡལ་ངེས་ཤིང་། གཙང་པོའི་རླབས་སྒྲ་ལ་ཉན་མཁན་མེད་པར་ཡང་འགྱུར་ངེས།

འཁོར་བའི་སྣང་བ་མེ་ཡིས་གསོས་ཤིང་འོད་སྣང་དང་འགྲོགས། འཁྱག་རོམ་གྱི་སྦུབས་སུ་སྙིགས་པའི་ལག་པ་འདི་ནམ་མཁར་བསྲིངས་ཏེ། མཚམས་སྤྲིན་གྱི་འདུ་འགོད་མཛེས་པོ་དེ་མིག་གིས་ཕར་ལ་བསྐྱལ། མེ་ཁར་བཅར་ཏེ་རང་ལུས་དྲོད་ལ་བསྲོ་ཞིང་། སྐྱ་རེངས་ཀྱི་འོད་དཀར་རི་ཁར་སླེབས་དུས། འུ་ཚོ་འོད་སྣང་དང་དྲོད་ཁོལ་ལ་ཤིན་ཏུ་དགའ་སྲིད། འོན་ཀྱང་། དུས་ད་ལྟ་རི་ཁ་དང་སྤང་ཐང་གི་མཚེར་ས་དག་ནི་སྐྱ་ཀ་དག་ཅ་ཅོས་འཚོ་བའི་མེད་མུག་གི་དུར་སྒྲོམ་ཞིག་སྟེ། དྲོད་འཇམ་གྱི་རླུང་བུ་ལྡང་རྒྱུ་མི་འདུག་ཅིང་། ཁ་ཕྱོགས་སྟོན་པའི་འོད་ཟེར་གྱི་སྣང་བ་ཡང་མི་འདུག།

དུས་ཚིགས་ཀྱི་སོ་བར་ནས་ཤོར་ཞིང་། རྙིང་ཞེན་གྱི་སྒྲོག་གཏོར་བའི་བསྟན་བཤིག་ཚ་བའི་སྣང་བརྙན་རེ་རེ། མི་དང་མིའི་བར་གྱི་མཚོན་ཐབས་མི་རྙེད་པའི་མེ་ལོང་ངོས་ཀྱི་སྐྱོ་གར་དང་འབྲེལ་ཞིང་། ཕྱིར་འོང་མེད་པའི་འཆི་ལམ་དུ་ཞུགས་པའི་སུ་ཞིག་གི་རྒྱབ་གཟུགས་དང་ཤིན་ཏུ་ཉེ་བོ་བྱུང་། བར་ཐག་དེ་ཙམ་གྱིས་ཀྱང་འཇིག་རྟེན་གཞན་ཞིག་བཟོ་ངེས་པས། རྨི་ལམ་སྟོང་བའི་ཉིན་སྲིབ་ནས་མགོ་འཁོར་བའི་རེ་དོགས་དེ་དག་བག་ཟོན་མེད་པར་ས་རུ་གཡུགས། དེ་ལྟ་ནའང་། མདུན་རྒྱབ་གང་རུང་དུ་འཐེན་པའི་ལམ་ཕྲན་དེར་སུ་ཡང་གསལ་ཆ་མི་འདུག།

རབ་རིབ་ཀྱི་སྣང་བ་འདི་རྟག་པར་མི་རློམ་ན། འཚོ་བ་ལ་བདག་ཟོན་མཛོད་ཅིག། སྟོན་རླུང་གིས་བདས་ནས་གང་སར་ཡན་པའི་ཆགས་ཉམས་དེར་རྒས་རྟགས་ཕོག་འདུག། སྐྱེ་དངོས་ཀྱི་དུར་ཁྲོད་ནི་གཙང་འགྲམ་སྟེ། སྐྱེ་འཆི་དང་ཉམས་རྒུད་ལ་གདུང་སེམས་ཀྱི་འགན་འཁྲི་འཆང་བའི་བུད་མེད་ཅིག་གིས་མཛེས་སྡུག་ལ་གསོག་ཉར་བྱ་ཆེད་མེ་ཏོག་རེ་རེ་ཆུ་ལ་འདེབས་བཞིན། སྟོང་གཟུགས་ཆེན་པོའི་ནམ་མཁའ་ལ་སྡང་མིག་བགྲད་དེ་སྡིག་སྒྲིབ་ཀྱི་མཚང་སྟོར་བའི་མེ་ཕུང་ཞིག་སོ་སོའི་སྙིང་ཁ་རུ་སྦར།

གནམ་སའི་བར་ཐག་འདི་ལག་པའི་ཕྱི་ནང་བཞིན་སྟེང་འོག་བསྒྱུར་དུས། དུས་ཚོད་ཀྱི་རྒྱུན་ལས་བུད་པའི་ཁེར་རྐྱང་ལ་གདུང་སེམས་ཅི་ཞིག་བྱུང་། གསེར་མདོག་གི་ཞིང་ས་རུ་སྐམ་རྙིད་དུ་གྱུར་བའི་སྙེ་མ་རེ་རེ། ཚེ་ཡི་ཐག་པ་ཆད་པའི་སྲོག་གི་གཟུགས་བརྙན་བཞིན་ལང་ཚོའི་བདག་དབང་བཅོམ་པའི་སྒྲོག་ལ་ཚུད་དུས། རྣམ་ཤེས་ཀྱི་གཏིང་ནས་ཐང་ཆད་པའི་འཁུན་སྒྲ་ཞིག་ཀྱང་སྒྲོག་ག་ལ་ནུས། ཀྱེ་མ། སྐྱེ་དངོས་ཀྱི་ཆག་འཇིག རྒུད་པའི་འཇིག་རྟེན། སེར་ཐིག་གིས་ཟིན་པའི་ལོ་འདབ་དེ་བཞིན། འདས་དོན་གྱི་སྣང་བརྟན་མཐའ་དག་ཡིད་ངོས་ནས་བོར་མགོ་བརྩམས་ཤིང་། ཟླ་བའི་བསིལ་མདངས་ལས་རྙེད་སྲིད་ཀྱང་། རྫིང་བུའི་གྲམ་གཞུང་དུ་འཐོར་བའི་སྐྱོ་གར་དང་འབྲེལ་བའི་མཉམ་སྒྲོག་རོལ་མོ་དེ་མཚམས་ཚིགས་མེད་པར་ཡང་ཡང་གྲག་བྱུང་།

འདས་དོན་དེའི་སྟོབས་ཀྱིས་འུ་ཚོ་ཁང་པའི་ནང་དུ་ཞུགས་ཏེ་ཡང་ཡང་ངུས་ནའང་། ཐོབ་བྱ་ཅི། རྔམ་ནག་པའི་དུས་ཚོད་ཀྱི་བཞུར་རྒྱུན་ཁྲོད་ཡུན་རིང་ལ་ཁྱེར་ཏེ། ཕྱིར་ལྡོག་མེད་པའི་སུམ་མདོ་འདིར་སླེབས་དུས། མི་ཚེ་ནི་ཆད་ལ་ཉེ་བའི་སྐུད་སྣེ་རུ་ཐོགས་པའི་ཤོག་བྱ་ནང་བཞིན་གཡང་ས་དང་གྲོག་རོང་། དོང་ཞབས་མེད་ཅིག་དང་ཁྲོན་པ་སྐམ་པོ་ཞིག་གི་ཡང་སྟེང་དུ་དམིགས་ཡུལ་མེད་པར་འཕུར་བཞིན་འདུག། ཆ་འཇོག་ནི་ནོར་འཁྲུལ་ཞིག་མིན་པའི་ངེས་པ་མ་མཆིས་ལ། བཅིངས་པ་ནི་སྤོབས་པའི་དར་ཤིང་ཞིག་ཏུ་མི་འགྱུར་བའི་གཏན་ཚིགས་ཀྱང་མེད་པས། རྔུལ་ཆུའི་རྗེས་ནི་མིག་ཆུ་ཡིན་པའང་སྐབས་རེ་གཉིས་ཤིག་མིན་ལགས་གྲང་།

ཕྱིར་དྲན་གྱི་སྣང་བ་མཐའ་དག་སྙན་ངག་ཏུ་འབྲི་དུས། ཐ་སྙད་ཆག་རོ་མང་པོ་ཞིག་རུ་འཕྲེང་བསྒྲིགས་ནས་ངའི་སྙིང་ལ་གཙེ་ཞིང་། འཁྱག་དར་གྱི་མེ་དཔུང་ལྟར་ཐ་སྙད་ཁོ་ནའི་འཇིག་རྟེན་ནི་རྣམ་ཤེས་ཀྱིས་སྟོང་བའི་བེམ་ཀོག་ཅིག་དང་མཚུངས། དུས་ཚོད་ཀྱི་ཐག་རྒྱུན་རིང་མོ་རྣོ་རྩུབ་ཀྱི་བསམ་གཞིག་གིས་དུམ་བུར་བཅད་དུས། ལྷོ་ཕྱོགས་ནས་ལྡང་བའི་རླུང་བུ་འཁྱམས་པོ་དེས་ནགས་ཚལ་ལྟ་བུའི་ང་ཡི་སྨ་རའི་ཚོམ་བུ་དེ་ཡོམ་ཡོམ་དུ་སྤྲུགས་འོང་། ངའི་ཤ་ཁྲག་དང་འབྲེལ་ཞིང་གཟུགས་གཞི་དང་མ་འབྲེལ་བའི་ནར་སོན་དེ།རུས་རྐང་གི་གཏིང་ནས་ཁོལ་བའི་སྙིང་དམར་པོའི་རྩ་ལམ་ནས་རྒྱས་པའི་ལང་ཚོའི་འགྱུར་ལྡོག་དེ་ནི། མཛེས་སྡུག་དང་མཛེས་སྡུག་གཞན་ཞིག་གི་གདོང་མཆོང་དང་མདུན་སྐྱོད་ནང་བཞིན་རྡོག་སྒྲས་ཁེངས་ནའང་། ང་རང་སྔར་བཞིན་ཁྱོད་ཉིད་རྒྱང་དུ་བཞུད་པའི་སྟོན་མཇུག་གི་གཙང་འགྲམ་ན་གཉིད་དུ་ཡུར།



  • ལེ་ཚན་སྔོན་མ།:སི་ཁྲོན་གྱི་ས་ཆ་འདི་ལ་རིམ་པ6ཅན་གྱི་ས་འགུལ་བྱུང་འདུག།
  • ལེ་ཚན་རྗེས་མ།:ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།
  • དོ་སྣང་ཆེ་བའི་རྩོམ།