ད་ལྟ་ང་ལ་མཁོ་བ་ནི་བྱིས་དུས་སུ་ཉི་མ་ཕུད་སའི་ཆུ་ཁ་དེ་ཡིན།

བཙན་མི།        2021-09-29

ལོ་ཟླ་བཞུར་གྱིན་འདུག། གཙང་བོ་བཞིན།

ལོ་ཟླ་གཙང་བོ་བཞིན་བཞུར་གྱིན་བཞུར་གྱིན་ང་རང་ཕྱིར་ལོག་འདོད། གནའ་སྔ་མོའི་རྩྭ་ཐང་གི་ཕང་བར་ལོག་འདོད། གནའ་སྔ་མོའི་འཚོ་བར་ལོག་འདོད། འདི་ནི་ང་གཅིག་པུའི་འདོད་ཚུལ་ག་ལ་ཡིན་ཏེ། འདི་ནི་ན་ཚོད་ཀྱི་སྒང་ཁར་བུད་དེ་འཇིག་རྟེན་གྱི་འདམ་སྙིགས་མཐོང་ཟིན་པའི་མི་ཡོད་ཚད་ཀྱི་འདུན་པ་ཡིན་ངེས། འདི་ནི་དུས་ཚོད་ཀྱིས་ང་ལ་སྤྲད་པའི་བར་སྣང་རེད། ཡིན་ན་ཡང་། ང་བར་སྣང་འདི་ནས་འཕུར་འཕུར་རྗེས་ཕྱིར་ད་ལྟའི་འཚོ་བར་འབབ་དགོས་པ་ལས། ང་བར་སྣང་འདི་ནས་མ་འཆི་བར་དུ་འཕུར་འཇོག་ཟེར་བ་མེད་ལ། ང་བར་སྣང་འདི་ནས་གཏན་དུ་ཕྱིར་ལོག་མེད་པར་གནའ་དུས་ཀྱི་འཚོ་བར་བསླེབས་སོང་ཟེར་བ་མེད། འོན་ཀྱང་། ངས་བརྗེད་པ་མི་འདུག། རྩེད་རྡོ་དེ་དག་སུ་ཞིག་གིས་བཤིག་ཨེ་འཇོག་འདོད་པའི་སེམས་ཁུར་ལས་མེད་པ་དང་། ནམ་ལངས་བ་དང་མུན་རུབ་པ་ནི་ང་ལ་འབྲེལ་བ་ཅི་ཡང་མེད་པར་བསམ་པའི་བྱིས་བློ་དེ་བརྗེད་ཐབས་མི་འདུག། བརྗེད་ཐབས་མེད་པས་ནམ་ཡང་ངའི་ནང་སེམས་རྗེས་སུ་ལུས་ཡོད། ངས་དུས་ཚོད་ཀྱི་རྗེས་ཆོད་ཀྱིན་མེད། རེ་དོགས་དང་ངལ་དུབ་གང་ཡང་མེད་པའི་རྨི་ལམ་ལྟ་བུའི་བྱིས་དུས།

དེ་ལྟ་ན་ཡང་། ང་ལ་འགྱོད་གདུང་གང་ཡང་མི་འདུག། ངས་རང་ལ་འགྱོད་གདུང་མེད་ཟེར་དོན་ཨ་ཆད་ཨུ་ཐུག་གི་ཤུགས་རིང་ཞིག་ཡིན་ནམ་ཟེར་ན་ཡིན་མོད། འོན་ཀྱང་མིན་ནམ་ཟེར་ན་ཡང་མིན་ཏེ། ཞེན་པ་ལོག་པའི་སྤྱི་ཚོགས། ཐེད་དུ་བོར་བའི་མི་རྣམས་ཀྱི་ངོ་གདོང་འཁྱག་པ། བརྩེ་དུང་གི་རལ་གྲིས་སྐེ་བཅད་དེ་གསེར་ཐག་ལེན་པའི་སྣང་བ་རྫུན་མ། འགྱིག་གི་མེ་ཏོག་རེའི་སྟེང་དུ་ཉིན་བཞིན་ཆུ་ལྡུག་རྒྱུར་དགའ་བའི་རྨོངས་པའི་དུས་རབས། ངས་འདི་དག་གི་བར་གསེང་ནས་ན་ཚོད་གཞོན་པའི་བྱིས་པ་དག་འབོར་གྱིན་འདུག། ངའི་བྱིས་དུས་ཀྱང་སྣེ་མོ་འཛིངས་བའི་རྒྱ་སྲང་ལྟ་བུའི་སྤྱི་ཚོགས་འདི་ནས་བོར་སོང་། གཏམ་གྱི་ཐ་མ་ཙམ་ཡང་ཞུ་ཁོམ་མེད་པའི་མི་ཚོགས་ཀྱི་མྱུར་མགྱོགས་བར་ནས། ངས་དཔལ་ཡོན་ཟེར་བ་དབྱར་ཁའི་ཆུ་གཏེར་བཞིན་འཕེལ་གྱིན་ཡོད་མེད་མི་ཤེས་མོད། ངས་དུས་ཚིགས་འདིར་མི་རྣམས་རང་ཉིད་ཀྱི་ཕྲ་ཕུང་ལས་མེད་པའི་རང་འདོད་ཅན་ཤ་སྟག་ལ་འགྱུར་གྱིན་འདུག་སྙམ་ཡོང་། ང་ཤིན་ཏུ་འཇིགས། སྐབས་འདིར་ངས་སུ་ལ་ཡང་བསྟིང་ཚིག་བཤད་འདོད་མི་འདུག་ལ། སྐབས་འདིར་ང་ཁ་རོག་གེར་གནའ་སྔ་མོའི་ཆུ་ཁ་དེར་ལོག་འདོད། ཆུ་ཁ་དེ་ན་ང་ལ་ད་ལྟ་བོར་ཚར་བའི་མེ་ལོང་ཞིག་ཡོད། ཆུ་ཁ་དེ་ན་སླད་ཀྱིས་མ་ཟིན་པའི་ང་རང་ཉིད་ཡོད། ངས་དུས་ཚོད་དེ་དྲན་ན་གློ་བུར་དུ་ཕངས་སེམས་ཤིག་སྐྱེ་ཡོང་།

ལོ་དེར་ང་ལོ་བཅུ་ལ་མ་ཟིན་པའི་བྱིས་པ་ཞིག་ཡིན། ང་བྱིས་པ་ཞིག་ཡིན་པས་ངས་ད་ལྟ་རང་ཉིད་སྐབས་དེར་ཤིན་ཏུ་སྐྱིད་ཨང་འདོད། ལོ་དེར་ངའི་ལུས་སུ་གྱོན་པའི་གོན་པ་ཆ་ཚང་ཐེར་ཚར་སྤར་ཚར་དུ་གྱུར་ཡོད་སྲིད། ངའི་རྐང་བའི་མཛུབ་མོ་ལྷམ་གྱི་སྣ་མགོ་ནས་ཕྱིར་བུད་ཡོད་ངེས། ད་དུང་། ངའི་གདོང་དུ་ཚིལ་དྲེག་དང་ནག་ནོག་གི་དྲི་མས་གཡོག་ཡོད་ངེས་པར་མ་ཟད། ལག་པའི་སྟེང་དུ་གས་ཁ་མང་ཙམ་དོད་ཡོད་པ་ཡང་ཐག་གིས་གཅོད་ཐུབ། ཡིན་ན་ཡང་ངས་དེ་དག་གང་ཡང་དྲན་གྱིན་མི་འདུག། ད་ལྟ་ང་སྔར་གྱི་བྱིས་པ་དེ་ལས་ཡོངས་སུ་ལྡོག་ཡོད་ན་ཡང་། ངས་ད་ལྟ་རང་གི་ཕྱི་ནང་གསང་གསུམ་ནས་མང་པོ་ཞིག་བརྗེད་ཐབས་མི་འདུག། དཔེར་ན། ད་ལྟ་ངའི་ལག་པའི་སྟེང་དུ་གྲི་ཡིས་རྨ་ཁ་ཆུང་ངུ་ཞིག་ལས་མ་གཏོད་ཀྱང་། ངས་དེ་ཉིད་ཉིན་རེར་ཐེངས་རེར་ཕལ་ཆེར་དྲན་སྲིད་པ་ལྟ་བུ་རེད། འདི་ནི་ངའི་སྟེང་གི་འགྱུར་བ་ཞིག་རེད། ངས་འགྱུར་བ་འདི་གཉིས་སྣེ་མོ་གཉིས་བྱས་ཏེ་གང་ཉིད་རང་དང་ཐག་ཉེ་བར་བསྡུར་ཚེ། རྣམ་ཀུན་ང་དང་བཅར་བཅར་དུ་ཡོད་པ་ནི་སྔ་མ་རེད།

ལོ་དེར། ང་ཆུ་ཁ་རུ་ཡོད། ངས་དྭངས་གཙང་གི་ཆུ་སྒྲར་ཉན་ཏེ་བསྡད་ཡོད། ངས་ཆུ་ནང་ན་གར་ལ་རྩེན་པའི་ཉ་མོ་དག་ལ་བལྟས་ནས་ཡོད། ཉ་མོ་དག་འཁྱུག་རྩལ་ལྡན་པའི་ངང་ནས་ཆུ་ཡི་བཞུར་ཕྱོགས་དང་ལྡོག་ནས་འགྲོ་ལ། ཡང་ཆུ་ཡི་བཞུར་ཕྱོགས་དང་བསྡོངས་ནས་ཀྱང་འགྲོ། ངས་ཁོ་ཚོར་བལྟས་ཏེ་འདང་མང་པོ་ཞིག་བརྒྱབ་པ་ཡིན། མཚམས་ཤིག་ལ་ངས་ཆུ་མཐའ་ནས་འདམ་འབག་མང་པོ་ཞིག་བླངས་ཏེ་ཆུ་ཁའི་གད་ཁར་སྤུངས་ཤིང་། འདམ་འབག་དེ་དག་གིས་རླངས་འཁོར་མང་པོ་ཞིག་བཟོས་པ་ཡིན། རླངས་འཁོར་དག་དབྱིབས་གཅིག་ཡིན་ལ། ཁོང་ཚོ་ཆུ་ཡི་ལྡོག་ཕྱོགས་དང་བསྟུན་ནས་འགྲོ་བཞིན་ཡོད་པ་བཟོས་པ་ཡིན། ངས་རྟག་པར་ཉིན་དང་ཉིན་མཐུད་དེ་དེ་ལྟར་འདམ་གྱི་རླངས་འཁོར་མང་པོ་ཞིག་བཟོས་རྗེས། ང་རྣམ་ཀུན་དེ་དག་ལ་ལྟ་རུ་སོང་བ་ཡིན། ཉིན་ཞིག་ངས་བཟོས་པའི་འདམ་གྱི་རླངས་འཁོར་གཅིག་ཆུར་ནུབ་འདུག། ང་དེ་ལ་ཕངས་སེམས་ཚད་མེད་ཅིག་སྐྱེས་པར་མ་ཟད། ངས་འདམ་གྱི་རླངས་འཁོར་དེ་ཆུར་མ་ནུབ་སྔོན་གྱི་རྣམ་པར་ཞིབ་འདང་བྱས་པ་ཡིན། སྐབས་དེར་ང་འདམ་གྱི་རླངས་འཁོར་དེ་དག་ལ་ཧ་ཅང་འདང་ཆེ། ད་ལྟ་ཡང་དེ་འདྲ་ཞིག་རེད། ད་ལྟའི་ངའི་གློ་ཁུག་ནང་གི་སྒོར་མོ་བརྒྱ་བོར་གཏོར་བྱུང་བ་ལས་སྐབས་དེའི་འདམ་གྱི་རླངས་འཁོར་ཞིག་ཆུར་ནུབ་པའི་སེམས་ཚེགས་ཀྱི་ཆེ། དངོས་གནས་དེ་འདྲ་ཞིག་ཡིན་ཏེ། ད་ལྟ་ང་ལ་རྒྱུ་དང་ནོམ་པ་ཡོད་ཀྱང་རུང་ལ་མེད་ཀྱང་རུང་། འོན་ཀྱང་ད་ལྟ་ད་དུང་། ང་ལ་བྱིས་དུས་ཀྱི་འདམ་གྱི་རླངས་འཁོར་དག་ངེས་པར་དུ་དགོས་མཁོ་འདུག།

དུས་ཚོད་ཀྱིས་ང་ཚོར་ཁོམ་ལོང་ཅི་ཡང་མི་སྟེར། ངས་རྣམ་ཀུན་དེ་ལྟར་འདོད། དེ་ལྟར་འདོད་ཀྱིན་ང་ཁ་རོག་གེར་འདུག་འདོད་མི་འདུག། སྐབས་རེར་ང་ལ་སེམས་ཚོར་ཡ་ང་བ་རེ་འབྱུང་རྒྱུ་འདུག། ངས་སྐབས་རེར་འདི་ལྟར་བསམ། ད་སྐྱེས་ནས་མི་ལོ་ཉེར་བཞི་འདས་ཟིན། མི་ལོ་ཉེར་བཞི་ནི་རིང་བོ་རིང་བོ་ཞིག་ཡིན་པ་འདྲ་ལ། ཡང་ཐག་ཉེ་ཐག་ཉེ་ཞིག་ཡིན་པ་ཡང་འདྲ། གང་ལྟར་ཡང་། མི་ལོ་ཉེར་བཞིའི་དུས་ཚོད་ནང་དུ་ང་ལ་དངོས་གནས་གང་ཡང་མི་འདུག། ངས་རང་ཉིད་ཀྱིས་དཔེ་ཀློག་བྱས་ཡོད་འདོད། འོན་ཀྱང་དེ་ནི་འཁྲུལ་སྣང་ཆེན་པོ་ཞིག་སྟེ། ད་ལྟ་བསམ་ན་ངས་མི་ལོ་ཉེར་བཞི་རྒྱུ་མཚན་མེད་པར་བསྐྱལ་བ་ཙམ་ལས། ངས་མི་ལོ་ཉེར་བཞིའི་དུས་ཡུན་ནང་དུ་སྙིང་བོ་གང་ཡང་ལོན་མི་འདུག།

དེ་ལྟར་སེམས་ངལ་གྱིས་ཡང་ནས་ཡང་དུ་གདུང་བ་ན། ང་ནི་རྒྱུ་མཚན་མེད་པར་བྱིས་དུས་སུ་ལོག་འདོད་ལ། ཆུ་ཁ་དེ་ནས་ཉི་མ་ཕུད་པའི་འཇིག་རྟེན་དེར་ལོག་འདོད། འཇིག་རྟེན་དེ་ཆེ་རྒྱུ་མེད་ན་ཡང་། དེ་རུ་ཡོད་པ་ནི་ཡལ་མི་སྲིད་པའི་འཛུམ་མདངས་ཤིག་དང་བརྩེ་བ་ཞིག་ཡིན། མནར་གཅོད་དང་རེ་ཐག་ཆད་པའི་དབུགས་རྒྱུ་ཡིས་སྤྱི་ཚོགས་ཀྱི་གྲུ་ཟུར་སོ་སོ་བཟུང་ནས་ཡོང་བ་ན། ངས་འབག་བཟོའི་རླངས་འཁོར་ཞིག་ལས་གང་ཡང་བཟོ་མ་ཐུབ་ཀྱང་། དེ་ཙམ་གྱིས་འཐུས་འདུག་སྟེ། དེ་རུ་འཇིགས་སྐྲག་དང་སྡུག་བསྔལ། ཕྲག་དོག་དང་འདོད་གདུང་གང་ཡང་མེད་པར་ཡོད་ཚད་ལྷུན་ཆགས་ཀྱིས་གནས་ཡོད། ད་ལྟ་ང་ལ་དགོས་པ་ནི་བྱིས་དུས་སུ་ཉི་མ་ཕུད་སའི་ཆུ་ཁ་དེ་ཡིན་པ་བཞིན། ད་ལྟའི་སྤྱི་ཚོགས་འདིར་མཁོ་བ་ཡང་དེ་ལྟ་བུའི་རང་བྱུང་སླད་བྲལ་གྱི་འཇིག་རྟེན་གཙང་མ་ཞིག་ཡིན་ངེས།



  • ལེ་ཚན་སྔོན་མ།:བཞུད་ཟིན་པའི་གཡང་དཀར་ལུག་ཁྱུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།