ང་ལ་རྩེད་ར་ཆུང་ཆུང་ཞིག་གནོངས་དང་།

མེ་ཆ།        2021-10-13

ཉིན་འདི་འགར་སྨན་བླའི་མཐོང་སྣེ་ཞེས་པའི་སྤྱི་ཕན་བརྙན་ཐུང་མང་པོ་དྲྭ་ལམ་དུ་བརྒྱུད་བསྐུར་བྱེད་བཞིན་ཡོད་དེ། དེ་ལས་འཇིག་རྟེན་གཉིས་ཞེས་པའི་བརྙན་ཐུང་དེ་ནི་སྤྱིར་བཏང་གི་འཚོ་བའི་མཐོང་སྣེ་ལས་སྤྱིར་བཏང་མིན་པའི་འཇིག་རྟེན་གྱི་ངོས་གཉིས་གྲུབ་པར་བྱས་ཡོད་ཅིང་། བརྙན་ཐུང་དེ་རྡེབ་པའི་གྲངས་ཀ་མང་པོ་ཆགས་ཡོད་པར་བལྟས་ན། སྣང་བརྙན་དེའི་རིགས་ཀྱིས་ཕ་ཡུལ་གྱི་ཡུལ་མི་ཀུན་ལ་སུན་སྣང་དང་ཡིད་ཆད་ཀྱིས་མནར་བའི་སེམས་ཁམས་བསྐྲུན་ཡོད་པ་མངོན་པར་མཚོན་མོད། འོན་ཀྱང་། འཛམ་གླིང་གི་གསང་བ་ཐ་དག་ཚན་རིག་གི་འཕྲིན་ལམ་བརྒྱུད་དེ་ཀུན་གྱི་སྤྱན་ལ་བསྟར་བས། ཚན་རིག་གིས་བརྟོལ་བའི་གསང་གནས་རེ་རེ་ལས་རང་ལ་དབང་བའི་རྩེད་ར་ཆུང་ཆུང་རེ་རྙེད་པ་འདི་ནི། དུས་རབས་ཀྱི་འགྱུར་ལྡོག་དང་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་ཤིག་མ་ཡིན་པའི་ངེས་པ་མེད་མོད། ཡིན་ཡང་། རང་བྱུང་ཁམས་ཆེན་མོ་ནི་ང་ཚོའི་དགའ་སྐྱིད་ཀྱི་དགོད་སྒྲ་འཕྱོ་སའི་འདུ་ར་ཁྲ་མོ་དང་། འབྱུང་འགྱུར་ལ་རེ་སྨོན་བསྩལ་སའི་གནས་མལ་ཐོག་མ་ཡིན་པས། རང་བྱུང་ཁམས་ཆེན་མོའི་གནང་བའི་ལེགས་སྐྱེས་ནི་གཟོད་མི་ཚེ་འདིའི་བདེ་སྐྱིད་དང་འོད་སྣང་ཡིན་པར་འདོད།

སྤྱི་ཕན་བརྙན་ཐུང་དེར་བལྟ་བའི་དུས་ཚོད་ནི་ཏག་ཏག་མགོ་བོ་སྔས་ལ་འཇོག་པའི་སྐབས་དེར་འཁེལ་བས། ངས་ཁ་པར་མལ་ཁྲིའི་གཡས་འགྲམ་གྱི་ཅོག་ཙེའི་སྟེང་བཞག་སྟེ། རང་ལ་དབང་བའི་ཆུང་དུས་ཀྱི་འཚོ་བར་ཕྱིར་དྲན་ཐེངས་གཅིག་བྱས།

བྱིས་དུས་ཀྱི་འཚོ་བ་ནི་གསར་དུ་འབུས་པའི་ལྗང་མྱུག་ལྟར་ནེམ་ནེམ་པོར་སྣང་ཞིང་། ལྷད་མེད་པའི་འཛུམ་ཀོང་ནི་དབྱར་གཞུང་གི་མེ་ཏོག་ལྟར་ཁྲ་ཆིལ་ལེར་བཞད། བྱིས་དུས་ཀྱི་དྲན་པ་ནི་གནམ་སྔོན་པོའི་མཐའ་རྒྱ་ལྟར་ཐོགས་རེག་གེགས་མེད་དུ་སྣང་བས། ངས་རང་བྱུང་གི་མཛེས་པ་དང་ལྷན་དུ་དགའ་སྤྲོ་ལྷོག་ལྷོག་ཏུ་ཁོལ་སའི་རྩེད་ར་ཆུང་ཆུང་ཞིག་བཞེངས་པར་ཐོག་མའི་དབུ་ཁྱུད་བྲིས། བསིལ་རླུང་གིས་ཁུར་བའི་ནོར་རྩིད་ཉག་མ་རེ་རེ་རྩི་ཤིང་བཀན་མོའི་མགུལ་ལ་བརྒྱུས་ཏེ་ཆེས་ཐོག་མའི་མགོ་རྭ་གྲུ་བཞི་ཕུབ་ཅིང་། ཨོང་རིལ་དང་རྡེའུ་དཀར་ཐང་མར་བརྡལ་ནས་ཁྱོད་ཀྱི་ནོར་ནག་དང་ང་ཡི་གཡང་དཀར་ལ་བརླམས་ཏེ། རམ་དཀར་རྩྭའི་འཇམ་ཤ་དང་དྭངས་གཙང་ཆུའི་ཞིམ་ཤར་རོལ་དུ་བཅུག ཁྱོད་ཀྱིས་བགྲང་བའི་ནོར་ནག་གི་ཁ་གྲངས་དང་ང་ཡིས་བགྲང་བའི་གཡང་དཀར་གྱི་རྩིས་གྲངས་ལས་སྣོན་འཕྲི་བསྒྱུར་བགོད་ཀྱི་ས་བོན་གཏོར་བས། ངས་རང་བྱུང་ཁམས་ཆེན་མོའི་པང་ཁ་ནས་གཞིབ་མི་ཚར་བའི་སྦྲང་རྩི་འཇིབ་མགོ་བརྩམས། སྡེ་འདབས་ཀྱི་ཆུ་ཕྲན་ཆུང་ཆུང་ནི་སྙན་འཇེབས་ཀྱི་རོལ་དབྱངས་ཇི་བཞིན་ལྷང་ལྷང་མཆེད་ཅིང་། ཕྱེ་ལེབ་ཀྱི་གར་སྟབས་ཁོ་ན་མིག་ལ་ཐོགས་པས། རང་སེམས་ལ་གཤོག་ཟུང་བྲིས་ཏེ་མཐའ་ཡས་པའི་སྤང་ཐང་དུ་གར་ལ་རྩེན་ཞིང་། ཁོ་པ་དང་ཁོ་མོ་ཚོར་ཡང་གཤོག་ཟུང་རེ་བཙུགས་ཏེ་རང་བྱུང་ཁམས་ཆེན་མོའི་ཕངས་བར་མཉམ་དུ་འཕུར་བས། ང་ཚོས་སྐྱིད་ཀྱི་རྟ་ཕོ་མཉམ་དུ་ཞོན་ཞིང་སྡུག་གི་ཁུར་བོ་མཉམ་དུ་འཁུར་དགོས་པའི་ཆོད་སེམས་བརྟན་པོ་ཡིད་ལ་བཅངས།

རང་བྱུང་ཁམས་ཆེན་མོས་བསྩལ་བའི་རྩེད་ར་ཆུང་ཆུང་འདི་ནི་ལོངས་སུ་སྤྱོད་མི་ཚར་བའི་འདོད་འཇོ་དཔག་བསམ་དུ་རློམ་ཆོག་སྟེ། ང་ཚོས་ཁྱེད་ཀྱི་ཕངས་བ་ནས་གཞིས་ཁྱིམ་དྲོན་མོ་ཞིག་གི་མགོ་རྐང་ཐོག་མར་བསྒྲིགས་པ་ནི་རེའུ་ལྕག་མེ་ཏོག་གི་ཕྲེང་བ་ཨ་ལོང་ཡང་ལོང་དུ་བསྒྲིམས་ནས་ཁོ་མོའི་མགུལ་དུ་བསྒྲོན་པས་མཚོན་ཞིང་། ཉག་ག་སྒྲོག་གུ་བརྟོལ་བརྟོལ་དང་ཐང་ཆེན་ཤོག་སྐྱ་ལྟེབ་ལྟེབ་ཀྱི་མགྲོན་པོ་དབྱུག་ཞོན་རྣམས་ལ་བཀྲ་ཤིས་བདེ་ལེགས་ཀྱིས་ཁམས་འདྲི་གནང་། དཀར་གསུམ་མངར་གསུམ་གྱི་དོད་དུ་ས་རྡུལ་རིལ་རིལ་བྱས་ནས་འདྲེན་པ་ན་དབུགས་ཐེངས་གཅིག་གིས་རྔམ་འཐུང་བྱེད་པ་ནི་བརྩེ་བ་རྣམ་དག་མཚོན་པའི་ཕྱིར་དུ་བརྗོད། འདི་ནི་ཕལ་བའི་འཇིག་རྟེན་ནས་རྙེད་པའི་ཕལ་བ་མ་ཡིན་པའི་འཚོ་བའི་བདུད་རྩི་དེའོ།།

ཕྱིར་དྲན་རེ་རེ་ལས་བཞེངས་པའི་རྩེད་ར་ཆུང་ཆུང་དག་ནི་ལོ་ཟླ་ག་ཙམ་འགྱུར་ཡང་བརྗེད་མེད་ཀྱི་རྡོ་བརྐོས་རི་མོར་སྣང་བས། ང་ལ་ད་དུང་རྩེད་ར་ཆུང་ཆུང་ཞིག་གནོངས་པར་བགྱིས་དང་། ངས་བརྗོད་མི་ཚར་བའི་གཏམ་རྒྱུད་སྣ་ཚོགས་དང་བླངས་མི་ཚར་བའི་ཨ་ལ་ཐ་ལ། རོལ་མི་ཚར་བའི་རྩེད་མོ་སྣ་ཚོགས་ཀྱི་འདུ་ར་ཞིག་ཡང་བསྐྱར་བཞེངས་ན་བསམ།

ཁྱོད་ཀྱིས་ལག་པ་ལག་པར་འཇུས་ཏེ་སྒོར་ཞིང་ཟླུམ་པོའི་ར་བ་ཞིག་བཟོས་ཏེ། ཚོར་ལ་མ་ཚོར་བའི་མཚམས་དེར། ལག་ཕྱིས་ཡུག་གཅིག་སྔ་མོ་ནས་ཁྱོད་ཀྱི་ལྟག་པར་འཇབ་ནས་ཐོན་ཡོད། འདི་འདྲའི་བདའ་འདེད་དང་སྐོར་རྒྱུགས་ཁྲོད་ནས་ཕམ་ཁ་བྱུང་བ་ལ་སྙན་མོ་གླུ་ཡིས་མཆོད་པ་འབུལ་དུ་འཇུག་པའམ། ཡང་ན། ཉི་མ་གང་དུ་བཞུད་པ་ཉི་མ་ཚང་དུ་ལོག་པ། ཚང་ནི་གང་དུ་ལོག་པ་ཚང་ནི་བྱེའུས་གཏོར་ཚུལ་གྱི་ངག་གཏམ་རེ་རེ་ཆུ་མིག་བརྡོལ་བ་ལྟ་བུས། ཁྱོད་ཀྱིས་སྐད་ཆ་བཤད་ཤེས་པ་ནས་གླུ་ལེན་ཤེས་པ་དང་གོམ་པ་སྤོ་ཤེས་པ་ནས་བྲོ་འཁྲབ་ཤེས་པར་གྱུར་པ་མ་ཡིན།

རྩེད་ར་ཆུང་ཆུང་དེའི་རྩེད་མོའི་ཀློང་ནས་ཡོད་ཚད་གཏིང་བརྗེད་དུ་འགྱུར་སྲིད་དེ། བྱིས་པ་ཆུང་ཆུང་ཞིག་གི་ལས་འགན་ཡོངས་འགྲུབ་མ་བྱུང་བའི་ཕ་མའི་མནར་སྡུག་བརྗེད་ལ། དགེ་རྒན་གྱི་ཁྲོ་མདུད་བརྗེད། རང་གི་ལྟོགས་སྐོམ་བརྗེད། ནམ་ཟླའི་དྲོད་གྲང་བརྗེད། དུས་ཀྱི་གོམས་འགྲོས་བརྗེད། སྐབས་དེ་དུས། མིག་ཁར་ཤོམས་འོང་བ་ནི་ལྷུག་ལྷུག་ཏུ་བཞད་པའི་འཛུམ་ཆུང་སྟེ།འཛུམ་ཆུང་དེ་ལས་འཁྲུངས་པ་ནི་བརྩེ་བ་དང་ལྷག་བསམ་གྱི་ལྗང་མྱུག་ཁོ་ནའོ།།

རྩེད་ར་ཆུང་ཆུང་ནི་དཀོན་མཆོག་གིས་གནང་བའི་ལེགས་སྐྱེས་མཆོག་གམ་ཕུལ་དུ་བྱུང་བ་ཡིན་པས། ང་ཚོའི་ཐུན་མོང་ལ་དབང་བའི་རྩེད་རར་དགའ་མོས་དང་གཅེས་སྐྱོང་གནང་སྟེ། བདེ་སྐྱིད་ཀྱི་མི་ཚེ་འཛུམ་གྱིས་བསུ་ཡ།།



  • ལེ་ཚན་སྔོན་མ།:ཨ་མའི་ཙན་དན་གཡང་ཕྲེང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།