སྐུ་ཞབས་ལུའུ་ཞུན་འཁྲུངས་ནས་ལོ140འཁོར་བར་རྗེས་དྲན་བྱེད་སྒོ་སྤེལ།

ཨོ་རྒྱན་གྱིས་བསྒྱུར།        2021-10-12

  

སྐུ་ཞབས་ལུའུ་ཞུན་འཁྲུངས་ནས་ལོ140འཁོར་བར་རྗེས་དྲན་བྱེད་སྒོ་སྤེལ།

   ལུའུ་ཞུན་ནི་རླབས་ཆེན་གྱི་རྩོམ་རིག་པ་ཞིག་ཡིན་པར་མ་ཟད། རླབས་ཆེན་གྱི་སྒྱུ་རྩལ་པ་ཞིག་ཀྱང་རེད། ཁོང་གི་སྒྱུ་རྩལ་གྱི་གྲུབ་འབྲས་ནི་ཕྱོགས་མང་པོ་ཞིག་རེད། ཁོང་གི་མཛེས་རྩལ་གྱི་གྲུབ་འབྲས་དང་། དཔེ་དེབ་ཇུས་འགོད་ཀྱི་གྲུབ་འབྲས།ཡིག་སྒྱུར་གྱི་གྲུབ་འབྲས། གནའ་ཤུལ་གྱི་སློབ་ཁྲིད་གྲུབ་འབྲས་བཅས་ཀྱི་སྐོར་ལ་ཁོང་ནི་ཀྲུང་གོའི་རིག་གནས་ཀྱི་ཆེས་འོས་ཤིང་འཚམ་པ་དང་ཆེས་ཕུན་སུམ་ཚོགས་པའི་རྒྱུན་འཛིན་པ་ཞིག་ཡིན་ལ། ཁོང་ཡང་རིག་གནས་གསར་པ་གཏོད་མཁན་ཞིག་ཀྱང་རེད་ཅེས་བཤད་ཆོག། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་རིག་གནས་དེ་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་ཀྲོང་ངེར་འགྱིང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། ང་ཚོས་ཀྱང་ལུའུ་ཞུན་ལྟར་གཅིག་རྒྱུད་གཅིག་འཛིན་གྱི་རྒྱུན་འཛིན་པ་ཞིག་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། འདི་ནི་འཆད་ཁྲིད་འདི་གཉེར་བའི་དམིགས་ཡུལ་དང་དོན་སྙིང་རེད། ཅེས་པ་ནི་སི་ཁྲོན་གློག་བརྙན་བརྙན་འཕྲིན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧྥེང་ཡའོ་ཡིས་དེ་ལྟར་གསུངས་པ་རེད། 

     སྐུ་ཞབས་ལུའུ་ཞུན་སྐུ་འཁྲུངས་ནས་ལོ140འཁོར་བའི་དུས་འདིར། ཟླ10ཚེས10ཉིན་ཁུལ་དཔེ་མཛོད་ཁང་དང་ཁུལ་ཞིན་ཧྭ་དཔེ་ཚོང་ཁང་གིས་ཁྲེང་ཏུའུ་དཔེ་དེབ་འགྲེམ་སྟོན་གྱི“འགྲེམ་ཁང+དཔེ་ཀློག་ཁྱབ་གདལ”དང“གསར་བརྗེའི་རྩོམ་རིག་གི་རྟ་དམག·འཆད་ཁྲིད་ཐེངས་བརྒྱ་གཞི་རིམ་དུ་སྤེལ་བའི”བྱེད་སྒོ་སྤེལ་བ་རེད། སི་ཁྲོན་གློག་བརྙན་བརྙན་འཕྲིན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དང་། ཁྲེང་ཏུའུ་གྲོང་ཁྱེར་གྱི་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་ཚིག་མཛོད་མཐུན་ཚོགས་ཀྱི་ཚོགས་མི། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། སི་ཁྲོན་ཞིང་ཆེན་སྙན་ངག་སློབ་ཚོགས་ཀྱི་ཚོགས་མི་ཧྥེང་ཡའོ་ཡིས་ལུའུ་ཞུན་གྱི་རྩོམ་རིག་དང་། མཛེས་རིག། ཡིག་བསྒྱུར། དཔེ་རྙིང་བཟོ་འགོད། དཔེ་ཆ་དང་དུས་དེབ་ཇུས་འགོད། པར་བརྐོས་རི་མོ་ཁྱབ་གདལ་དང་བརྒྱུད་བསྒྲགས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་སྒྱུ་རྩལ་གྲུབ་འབྲས་བརྗོད་ཅིང་། ལུའུ་ཞུན་རྩོམ་རིག་གི་རྩོམ་འབྲིའི་ཁྱད་ཆོས་དང་། སྒྱུ་རྩལ་གསར་གཏོད། དེ་བཞིན་རྗེས་རབས་པར་ཐེབས་པའི་ཤུགས་རྐྱེན་བཅས་ངོ་སྤྲོད་བྱས་ཡོད། ལུའུ་ཞུན་གྱི་བརྩམས་ཆོས་ཀྱིས་ད་ཆའི་དོན་སྙིང་སྟེ་སྒྱུ་རྩལ་དང་བསམ་བློ་འགྲེལ་བཤད་བྱེད་པ། ལུའུ་ཞུན་གྱི་མཚོན་བྱེད་རང་བཞིན་ཆེས་ཆེར་ལྡན་པའི་ཕུལ་བྱུང་བརྩམས་ཆོས་འོས་སྦྱོར་དང་གྱེར་འདོན་བྱས་ཡོད་པ་རེད། 

     འཆད་ཁྲིད་ཡུལ་དངོས་སུ་འཆད་ཁྲིད་ཉན་མཁན་གྱིས་ཁེངས་ཤིང་། ཚང་མས་ཧྥེང་ཡའོ་ཡི་བརྩེ་དུང་དང་ལྡན་པའི་འཆད་ཁྲིད་ལ་ནན་ཏན་ངང་ཉན་བཞིན་ཡོད་ལ། ཧྥེང་ཡའོ་ཡིས་འཆད་ཁྲིད་ཉན་མཁན་གྱི་མི་སྣ་འགའ་ལ་སྐུ་ཞབས་ལུའུ་ཞུན་གྱི་བརྩམས་ཆོས་གྱེར་འདོན་བྱེད་དུ་བཅུག་ཅིང་། རྩོམ་རིག་ལ་དགའ་པོ་བྱེད་མཁན་སྐུ་ཞབས་ཆིན་ལགས་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་ཉན་བཞིན་དུ“ང་ནི་སྐུ་ཞབས་ལུའུ་ཞུན་གྱི་བརྩམས་ཆོས་བཀླགས་ནས་འཚར་ལོངས་བྱུང་བ་ཞིག་ཡིན། སྐབས་དེ་དུས་ཅུང་ཤེས་ཀྱི་མེད་ཀྱང་ཁོང་གི་བརྩམས་ཆོས་ཀྱིས་ང་རང་གི་ཡིད་དབང་འཕྲོག་བྱུང་། ལས་ཀར་ཞུགས་རྗེས། ངས་སྐུ་ཞབས་ལུའུ་ཞུན་གྱི་བརྩམས་ཆོས་མང་པོ་ཞིག་བཀླགས་ཤིང་། ཁོང་ནི་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་བྱེད་པའི་དཔའ་རྒོད་ཅིག་དང་། མི་རིགས་ཀྱི་བརྩེ་སེམས་ཀྱིས་ཁེངས་པའི་རྒྱལ་གཅེས་མི་སྣ་ཞིག་རེད་སྙམ། དཔེ་དེབ་ཁང་གིས་སྐུ་ཞབས་ལུའུ་ཞུན་གྱི་བརྩམས་ཆོས་འཆད་ཁྲིད་བྱ་རྒྱུ་ཡིན་ཞེས་གོ་ཐོས་བྱུང་། ངས་ཆེད་དུ་ལས་ཁུངས་སུ་གནང་བ་ཞུས་ནས་བྱེད་སྒོར་འདིར་ཞུགས་པ་ཡིན། དཔེ་མཛོད་ཁང་གིས་ང་ཚོར་སྐུ་ཞབས་ལུའུ་ཞུན་གྱི་བརྩམས་ཆོས་ལ་མྱོང་རོལ་དང་གྲོས་བསྡུར་བྱེད་པའི་སྟེགས་བུ་ཞིག་སྤྲད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད་པ་རེད།།

 

 


  • ལེ་ཚན་སྔོན་མ།:རང་ཁུལ་དུ་ལོ་རྒྱུས་ཐོག་མེད་པའི་ས་ཚུགས་ཤིག་བཙུགས་འདུག།
  • ལེ་ཚན་རྗེས་མ།: དཔལ་ཡུལ་རྫོང་གིས་གསར་བརྗེའི་རིག་གནས་སློབ་རར་སྤེལ་བའི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།