ཞི་བའི་ཟླ་བ།

གོ་ཁྲབ་ཉི་མ།        2021-10-29

མི་ཚོགས་སྐར་མ་ཤིག་ཤིག་འདར། །

བྱམས་པ་ཟླ་བའི་བཞིན་རས་གསལ། །

འོད་ཀྱི་ཐིགས་པ་རུམ་དུ་ཟགས། །

སྨོན་པ་སྟོང་གི་འབྲས་བུ་གྲུབ། །

མདངས་ཀྱི་ཆ་ཤས་རེ་རེ་ལ། །

དགའ་བའི་ཉི་མ་ཐེར་འབུམ་འབར། །

ཁྱོད་ལ་དུང་བ་དེ་ཉིད་ཀྱིས། །

ང་ཡི་གཉིད་ཐབས་རིང་དུ་དཀྲོགས། །

ཧ་ཅང་རིང་བའི་མཚན་མོ་རེར། །

ཆགས་སྐྱེད་དྲན་པའི་རླུང་བུ་རྒྱུ། །

གདུང་བའི་མུན་པ་ཁོག་ནས་འཚུབ། །

སེམས་ཀྱི་མིག་ཆུ་གཙང་བོར་འདྲེས། །

རི་དང་རི་བོའི་ཐོད་པ་བརྒལ། །

རི་དྭགས་མཚན་མར་ཡང་ཡང་ཅེར། །

གཟུགས་མེད་སེམས་ཀྱི་ནམ་མཁའ་ལ། །

དུང་གི་བཞིན་རས་ཤིན་ཏུ་མཛེས། །

དཔག་ཡས་བྱ་ལམ་ཡངས་པོ་ནས། །

སྐར་མའི་ཚོགས་ཀྱིས་ཀུ་རེ་རྩེ། །

ལ་ལ་དགོད་ཀྱིན་འགའ་ཞིག་ངུ། །

བཟློག་མེད་འཁོར་བའི་ཆོས་ཉིད་རེད། །

ཆོས་དབྱིངས་ལྷ་ཡི་ཕོ་བྲང་དུ། །

དངུལ་གྱི་གོ་ལ་ཞི་བར་གཟིམས། །

བདག་ནི་ཁྱོད་ཀྱི་ཆེད་དུ་གནས། །

བདུད་རྩི་སྤྲོ་དང་གཉིས་མེད་ཤོག །


  • ལེ་ཚན་སྔོན་མ།:སེམས་གཅོང་ནང་གི་ཨ་ཇོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།