ལྷ་མོ་དྲན་པའི་གླུ་ཆུང་།

ཁ་བའི་གླིང་བུ།        2021-11-04

དོ་ནུབ་མཁའ་ཡི་འོད་གུར་གསལ།།

རོལ་མོ་འབྱིན་པའི་ནང་སེམས་དེར། །

ཁྱོད་རང་ཙམ་ཞིག་དྲན་པར་འགྱུར།།

ཟླ་བའི་རང་མདངས་མངོན་ལ་ཁད།།

སྤྲིན་པའི་མིག་ཆུ་འཆོར་ལ་ཁད། །

དགུན་གཞུང་ཁྲོད་ཀྱི་ཡིད་སེམས་ལ།།

མཚར་བའི་བཞིན་བཟང་རབ་མཛེས་པ།།

ཡིད་འོང་ལྷ་མོའི་ཁྱོད་ཞལ་ཙམ།།

ང་ཡི་སེམས་སུ་རེག་འགྱུར་བས། །

འདོད་ཡོན་པདྨོས་འགྲམ་ལྕག་ཐེབས།།

སྣང་བ་གང་སར་འཁྱེར་བའི་ལམ།།

བོར་ནས་ཁྱེད་སར་རྒྱུ་བར་བྱེད། །

ཆོ་ག་མཁན་གྱི་ལྷ་མོ་ལགས། །

བུ་ཆུང་ངའི་སེམས་རྟོགས་འགྱུར་ན།།

སྙན་པའི་ངག་ཅིག་སྦྱིན་རོགས་ཀྱེ།།

ཡིད་འོང་ལྷ་ཡི་བུ་མོ་ལགས།།

དྲན་པའི་དྲན་དབྱངས་འདི་ཙམ་ཟེར།།

བདག་གིས་བཤད་པར་དཀའ་ན་ཡང་།།

ངག་གི་དངོས་གྲུབ་སྩོལ་རོགས་ཀྱེ། །

གདུང་བའི་དྲན་པའི་དཀྱིལ་འཁོར་ཞིག།

དོག་སོང་ཟེར་ནས་མ་ལབ་ཀྱེ།།

ཆོ་ག་མཁན་གྱི་དབྱངས་ལྷ་ལགས།།



  • ལེ་ཚན་སྔོན་མ།:རྒྱང་གི་སྐར་མ་སྨིན་དྲུག།
  • ལེ་ཚན་རྗེས་མ།:​ལས་ཀྱི་སྐྱོར་མ།