དྲིན་གཟོ་ཤེས་པ་ང་ཚོའི་འགན།

རིག་འཛིན་ཆོས་སྒྲོན།        2021-11-01

མཛེས་སྡུག་གི་འཇིག་རྟེན་ལ་གསོན་ཤུགས་ཀྱི་ཁ་དོག་བསྐྲུན་མཁན།འཛམ་གླིང་གི་ཡུལ་གྲུ་འདིར་འོད་སྣང་གི་གཟི་བྱིན་སྦྱིན་མཁན།མི་སེམས་ཀྱི་དྲོད་ཁོལ།གཏམ་བརྗོད་ཀྱི་གླེང་གཞི།སྙན་ངག་གི་བརྗོད་བྱ།ཡོད་ཚད་དྲིན་གཟོ་ཞེས་པའི་སྙིང་ལ་འབབ་ཅིང་།མིག་ལ་མཛེས་པ།རིན་ཐང་ལྡན་པའི་ཐ་སྙད་རྡོག་པོ་གཉིས་ཡིན་པ་གོར་མ་ཆག་ལ།ཡིན་ཡང་དགོས།

དེ་ཡང་མཚར་སྡུག་གི་ཡུལ་ལྗོངས་སུམ་རྩེན་ལ་འགྲན་ཞིང་། ཉམས་མེད་ཀྱི་གྲགས་པ་མཁའ་རུ་འདེགས་པའི་ཆོས་ལྡན་གྱི་ཞིང་ཁམས་འདིར་ལྟ་སྐོར་ཐེངས་གཅིག་བྱེད་ཐུབ་པ་དང་།ཤེས་བྱའི་བང་མཛོད་ཀྱི་གཏེར་ཁ་ནས་ཤེས་རིག་གི་འོ་ཆུ་འཐུང་བའི་སྐལ་བ། མི་ཚེའི་ལ་རྒྱ་དང་ཚེ་སྲོག་གི་རིན་ཐང་འཚོལ་བའི་གོ་སྐབས་ཡོད་པ་འདི་དྲིན་ལྡན་ཕ་མའི་དྲིན་ལས་མ་མཆིས།

དྲིན་བྱས་དྲིན་དུ་གཟོ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་ལ།མི་ཡུལ་གྱི་འགྲོ་སྟངས་ཡིན།མ་ཟད།མི་ཞིག་གི་སེམས་ཀྱི་བྱང་ཚད་དང་ཡ་རབས་ཀྱི་གཤིས་བཟང་མཚོན་བྱེད་ཀྱི་གཞི་རྩའང་ཡིན།འོན་ཀྱང་།ད་ལྟའི་སྤྱི་ཚོགས་འདིར།མི་བུ་མང་དག་ཅིག་གིས་ཕ་མའི་བུ་ཕྲུག་ལ་བྱམས་ཤིང་གཅེས་པ་དེ་ཕ་མ་ཚོའི་འགན་འཁྲི་ཞིག་ཏུ་བསྒོམ་པ་ལས།དྲིན་གཟོ་བྱེད་པ་ལྟ་ཅི།དྲིན་ལོག་མ་བྱས་ན་དེ་བས་ཆོག ཐ་ན་རང་གི་ཕ་མ་གཉིས་དོན་དམ་པར་ཇི་འདྲ་ཞིག་ཡིན་པ་དང་།ཁོ་ཚོར་དོན་དངོས་སུ་ཅི་ཞིག་མཁོ་བ་ལ་ང་ཚོས་རྒྱུས་ལོན་གསལ་པོ་ཞིག་ཀྱང་བྱས་མ་མྱོང་སྟབས།རང་ཉིད་ཁྱིམ་གྱི་གོང་མར་བརླམས་ནས་གང་དགའ་གང་སྐྱིད་ཀྱིས་འགྲོ་བཞིན་པ་འདི།དུས་ཚོད་ཆུད་ཟོས་སུ་གཏོང་བ་ཡིན་ལ།ཤེས་བྱ་སྦྱངས་པའི་དགོས་པ་དེའང་མ་འགྲུབ་པ་ཅི་ལ་མིན།དངོས་གནས་དོན་འདི་རིགས་ནི་བལྟས་ན་མིག་ལ་བཙོག་ཅིང་།ཐོས་ན་རྣ་ལ་གཟན་པ།དྲན་ན་སྙིང་ལ་ཟུག་པའི་ཚུལ་དང་མི་མཐུན་པའི་བྱ་སྤྱོད་ཅིག དེ་བས།ཕ་མས་གཉོར་སྐྱོང་དང་བྱམས་བརྩེའི་དྲོད་ཁོལ་དེ་འགན་འཁྲི་ཞིག་དང་བྱ་བ་ཞིག་ཏུ་མི་བརྩི་བར།དྲིན་གཟོ་བྱེད་རན་རེད།དེས་ན་ང་ཚོས་ཇི་ལྟར་བྱས་ནས་ཕ་མའི་དྲིན་ལན་འཇལ་དགོས།དོན་ག་གེ་མོ་གང་ཞིག་ནས་མགོ་བརྩམ་ན་འགྲིག།

ཡར་བརྩིས་པའི་ལོ་ངོ་འདི་དག་གི་རིང་།ཁྱོད་དང་ང་ལྟ་བུའི་ན་གཞོན་གང་མང་ཞིག་གི་སེམས་ངོགས་སུ།དྲིན་ལན་འཇལ་དགོས་ཞེས་པ་འདི་གསལ་ལེར་ཕབ་ཡོད་ཀྱང་།དོན་དམ་པར་ལག་ལེན་བྱེད་མཁན་ཉུང་ཉུང་ཡིན།རྒྱུ་མཚན་དེའི་དབང་གིས།ང་ཚོས་དྲིན་ལན་ཤེས་དགོས།དྲིན་གཟོ་དེ་བས་ཀྱང་ཤེས་དགོས།ཁོང་ཚོས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱི་དཀའ་བ་ཕྲག་ཏུ་ཁུར།ངལ་བ་ཁྱད་དུ་བསད།བདེ་བ་རྒྱང་དུ་བསྲིངས་ཏེ་ཉིན་མཚན་ལྟོས་མེད་ཀྱིས་ལས་ལ་བརྩོན་གྱིན་ཡོད་པ་འདི།ང་ཚོའི་ཆེད་དུ་ཡིན་ཕྱིར།ཤེས་རིག་གི་སྐྱེད་ཚལ་གླིང་ནས་མི་བུ་སྤྱོད་ལྡན་ཞིག་ལ་ཁ་ཕྱོགས་ནས་མི་ཚེའི་རིན་ཐང་འཚོལ་དགོས།གཞུང་ལམ་དྲང་མོ་ཞིག་ལ་མདུན་གཏད་ནས་འཚོ་བའི་ཡང་སྙིང་བཙལ་དགོས།རྒྱུ་འབྲས་བརྩི་མཁན་གྱི་མི་བུ་ཞིག་བྱས་ནས་ཚེ་སྲོག་གི་རིན་ཐང་ལ་གཞིག་སྟེ།དྲིན་གཟོ་བྱེད་ཤེས་མཁན་གྱི་བུ་ཕྲུག་ཡ་རབས་ཤིག་གི་ལམ་བུར་བགྲོད་པ་ནི།ཕ་མར་མཚོན་ན་ཆེས་བཟང་བའི་ལེགས་སྐྱེས་རྩ་ཆེན་ཞིག་དང་།དྲིན་གཟོ་ངོ་མ་ཞིག།

ཕ་མར་མཁོ་བ་ནི་གསེར་དངུལ་དང་རྒྱན་ཆ་མིན་པར།ཁོང་ཚོར་དགོས་པ་ནི་ངག་འཇམ་གྱི་སྐད་ཆ་ཚིག་གཅིག།ཕ་མར་དགོས་པ་ནི་ངོ་སོ་དང་བཟང་བསྟོད་མིན་པར།ཁོང་ཚོར་མཁོ་བ་ནི་སྦྱངས་བརྩོན་གྱི་གྲུབ་འབྲས་ཉག་གཅིག། འདི་ནི་ཁོང་ཚོར་དགོས་པའི་དྲིན་གཟོ་ཡིན་ལ།ང་ཚོས་སྟེར་ནུས་པའང་ཡིན་སྟབས།ལག་ལེན་དུ་བསྟར་བ་གལ་ཆེའོ།།

ང་ཚོ་བྱིས་པ་སྣབས་ལུག་ནས་ལང་ཚོའི་མེ་ཏོག་བཞད་པའི་ན་གཞོན་གྱི་དུས་འདིར་སྐྱེད་སྲིང་བྱས་པ་འདི།ཁོང་ཚོས་འཁང་འགྱོད་དང་ལེ་བདའ་མེད་པར་སྒྲུབ་དགོས་པ་ཞིག་ཏུ་བརྩིས་ཡོད་ན།དྲིན་གཟོ་ཤེས་པ་ཅིའི་ཕྱིར་ང་ཚོའི་འོས་འགན་མིན།


  • ལེ་ཚན་སྔོན་མ།:ལོ་ཟླའི་འཚོ་བའི་ཁྲོད་ན་གཡེང་ཁོམ་མེད་པའི་ཨ་མ།
  • ལེ་ཚན་རྗེས་མ།:གཡུ་ལོ་བཀོད་པའི་གཟའ་སྐར།