ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་མགྱོགས་མྱུར་མངོན་འགྱུར་ཡོང་བ་བྱ་དགོས།

    མི་དམངས་དྲ་བ།    2021-11-01

ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་སྐབས།

གསར་གཏོད་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་གསར་གཏོད་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་མགྱོགས་མྱུར་མངོན་འགྱུར་ཡོང་བ་བྱ་དགོས་ཞེས་ནན་གསུང་གནང་།

སྤྱི་ཟླ10པའི་ཚེས26ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ10པའི་ཚེས26ཉིན་གློག་འཕྲིན་འབྱོར་གསལ། ཚེས26ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་སྐབས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་གསར་གཏོད་ནུས་པ་ཆེ་རུ་ཕྱིན་ནས་རྨང་གཞིའི་ལག་རྩལ་གསར་པ་དང་། འཐབ་ཇུས་ཀྱི་ལག་རྩལ་རྩེར་སོན། དམངས་འཚོའི་ཚན་རྩལ་སོགས་ཁྱབ་ཁོངས་ལ་ཚན་རྩལ་གྱི་གྲུབ་འབྲས་གལ་ཆེན་ཁག་གཅིག་ཐོབ་ཡོད། འདི་ནི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏང་ཡོངས་དང་རྒྱལ་ཡོངས་དང་ལྷག་པར་དུ་རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོས་ཐུན་མོང་ཐོག་འབད་འཐབ་བྱས་པའི་འབྲས་བུ་རེད། མིག་སྔར། རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་ཡོད། ཚན་རྩལ་གསར་གཏོད་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་གནས་བབ་དང་ནུས་པ་ཧ་ཅང་གལ་ཆེན་ལྡན་པ་ཞིག་རེད། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོས་འཛམ་གླིང་གི་ཚན་རྩལ་གྱི་མདུན་གྲལ་དང་། དཔལ་འབྱོར་གྱི་འཐབ་ས་གཙོ་བོ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་བཅས་ལ་ཕྱོགས་ནས་གསར་གཏོད་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། གསར་གཏོད་ཀྱི་གོ་སྐབས་དམ་འཛིན་བྱེད་པ། ཚན་རྩལ་གྱི་མཐོ་སར་འཛེག་ཕོད་པ། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་ལས་འགན་རང་རྟོགས་ངང་ཕྲག་ཏུ་འཁུར་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མགྱོགས་མྱུར་མངོན་འགྱུར་ཡོང་བ་བཅས་བྱས་ནས་འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་མགྱོགས་མྱུར་མངོན་འགྱུར་ཡོང་བ་བྱ་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་དང་རྒྱལ་ཁབ་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བཅས་ཁག་བགོས་ནས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།

 ཕྱི་དྲོའི་ཆུ་ཚོད3དང་སྐར་མ45ཙམ་ལ་ཞི་ཅིན་ཕིང་པེ་ཅིང་འགྲེམས་སྟོན་ཁང་དུ་ཕེབས་ནས་འགྲེམས་སྟོན་ཚོམས་ཆེན་དུ་གཟིགས་སྐོར་གནང་བ་རེད། འགྲེམས་སྟོན་དེ“གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་ཀྱི་ཕྱོགས་སུ་བསྐྱོད”ཀྱིས་བརྗོད་དོན་གཙོ་བོར་བྱས་པ་དང་། སྤྱིའི་གླེང་གཞི་དང་། ལོ་བརྒྱའི་ཕྱིར་དྲན། རྨང་གཞིའི་ཞིབ་འཇུག མཐོ་གསར་ལག་རྩལ། ཆེད་དོན་རྣམ་གྲངས་གལ་ཆེན། ཞིང་ལས་ཚན་རྩལ། སྤྱི་ཚོགས་འཕེལ་རྒྱས་སོགས་འགྲེམས་ཁུལ12ལ་བགོས་ཡོད་པ་རེད། ཅ་དངོས1300ལྷག་ཙམ་དང་དཔེ་དབྱིབས200ལྷག་ཙམ་སོགས་ཀྱི་ཐོག་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ནས་བཟུང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཚན་རྩལ་གསར་གཏོད་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱས་པར་ཐོབ་པའི་ཚན་རྩལ་གྱི་གྲུབ་འབྲས་གལ་ཆེན་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད་པ་རེད།

འཛམ་གླིང་ཚན་རྩལ་གསར་ཤོས་ལ་ཕྱོགས་ནས་འགྲེམས་སྟོན་ནང“ལེའུ་དགུ”ཡི་ཐོག་ནས་ཚད་རྡུལ་རྩིས་རྒྱག་མ་དབྱིབས་འཕྲུལ་འཁོར་དང་། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ། “ཐེན་ཅི”རིགས་ཀྱི་ཀླད་པའི་ཉིང་ལྷེབ་སོགས་རྨང་གཞིའི་ཚད་བརྒལ་གལ་ཆེན་དང་དེ་བཞིན་ཁ་ཐོར་བར་རྡུལ་ཁུངས་དང་། “ཤེས་རབ་མིག”གི་སྲུང་སྐར་སོགས་ཚན་རིག་སྒྲིག་ཆས་གསར་ཤོས་གཙོ་གནད་ཐོག་འགྲེམས་སྟོན་བྱས་ཡོད། དཔལ་འབྱོར་གྱི་འཐབ་ས་གཙོ་བོར་ཕྱོགས་ནས་རྒྱལ་ཁབ་ཀྱི་རབས་གསར་པའི་མི་ཐབས་རིག་ནུས་ཀྱི་སྒོ་དབྱེ་གསར་གཏོད་ལས་སྟེགས་དང“ཅིང་ཧྭ་རྟགས་ཅན”གྱི་རང་རྒྱལ་གྱིས་བཟོས་པའི་ཚངས་ཐིག་ཆེ་ཤོས་ཀྱི་འབིགས་འཕྲུལ་སོགས་གཙོ་གནད་ཐོག་འགྲེམས་སྟོན་བྱས་ཡོད། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཕྱོགས་ནས་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་དཔེ་དབྱིབས་དང་། སྐར་མ་མིག་དམར་འཕྲུལ་འཁོར། “ཟླ་བའི་ལྷ་མོ་ཨང་ལྔ་པ” “འབད་འཐབ་པ”རྟགས་ཅན་མཚོ་གཏིང་མི་བཞུགས་ཆུར་འཛུལ་འཕྲུལ་ཆས། འདུས་གྲུབ་གློག་ལམ་སྒྲིག་ཆས། གོ་ལ་ཧྲིལ་པོའི་ཉིང་རྡུལ་གློག་འདོན་རབས་བཞི་པའི་དྲོད་མཐོ་རླུང་གྲང་དཔེ་སྟོན་ཕུང་ཐོག་མ། “གོ་ཧོ་ཨང་དང་པོའི”ཉིང་རྡུལ་གློག་རྡུལ་འཕྲུལ་ཚན་སོགས་རྒྱལ་ཁབ་ཀྱི་མཆོག་ནོར་གཙོ་གནད་ཐོག་འགྲེམས་སྟོན་བྱས་ཡོད། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཕྱོགས་ནས་གཞི་གཅིག་ཅན་གྱི་ལུས་དཔྱད་གློག་རྡུལ་འཕྲུལ་འཁོར།ཉིང་རྡུལ་གློག་པར་གཟུགས་གྲུབ་སྒྲིག་ཆས་དང་། མི་མེད་སྐྱེ་དངོས་བཟོ་གྲྭའི་ཆུ་འབྲས་འདེབས་གསོ་མགྱོགས་གཏོང་འཕྲུལ་ཆས། “ཚན་རྩལ་རིམས་འགོག”དང“ཚན་རྩལ་དགུན་དུས་ཨོ་རྩལ་འགྲན་ཚོགས”ཀྱི་གྲུབ་འབྲས་གསར་ཤོས་སོགས་གཙོ་གནད་ཐོག་འགྲེམས་སྟོན་བྱས་ཡོད། ཅ་དངོས་རེ་རེ་དང་དཔེ་དབྱིབས་རེ་རེ་ལསལོ་ལྔའི་འཆར་འགོད་བཅུ་བཞི་པ་རིང་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ལ་ཐོབ་པའི་འཕེལ་རིམ་གལ་ཆེན་དང་གྲུབ་འབྲས་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

  • ལེ་ཚན་སྔོན་མ།:རྡོ་ལ་དཔྱད་དེ་རྡོ་ཆས་གསར་རྙིང་དུས་ཀྱི་རིག་གནས་དར།། རྡོ་ལ་དཔགས་ཏེ་འགྲོ་བ་མི་ཡི་ལོ་རྒྱུས་འཕེལ་རིམ་རྟོགས།།
  • ལེ་ཚན་རྗེས་མ།:རང་ཁུལ་དང་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གཉིས་ཀྱིས་མཉམ་དུ་བོད་འབྲེལ་རིག་མཛོད་གསར་འཛུགས་བྱེད།
  • དོ་སྣང་ཆེ་བའི་རྩོམ།