དཀར་མཛེས་རྫོང་གིས་མུའུ་རེའི་ཞོག་ཁོག་ཐོན་ཚད་ཀྱི་ཟིན་ཐོ་གསར་པ།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-10-27

མུའུ་རེའི་ཆེས་མཐོ་བའི་ཐོན་ཚད་རྒྱ་མ14000ལ་ཟིན།

སྤྱི་ཟླ་བཅུ་པའི་དཀར་མཛེས་སུ་སྟོན་དུས་ཀྱི་ལོ་ལེགས་ཐོབ་པའི་རྣམ་པ་མངོན་ཞིང་། སྤྱི་ཟླ10པའི་ཚེས18ཉིན། དཀར་མཛེས་རྫོང་ལྷོ་པ་ཡུལ་ཤོག་གི་ཞོག་ཁོག་ཐོན་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་དཔེ་སྟོན་འདེབས་འཛུགས་རྟེན་གཞི་རུ། ཞོག་ཁོག་དབོར་འདྲེན་བྱེད་སའི་འདྲུད་འཐེན་འཕྲུལ་འཁོར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་ལ། མཐོ་སྒང་གི་ཞིང་པ་མང་ཚོགས་ཚོའི་ངོ་ལ་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས་ནས་བྲེལ་འཚུབ་ཆེན་པོས་སྐམ་ཞིང་ནང་ནས་ལོ་ལེགས་བསྡུ་རུབ་བྱེད་ཀྱིན་འདུག།

ལྷོ་པ་ཡུལ་ཤོག་འབྲུག་ཡུལ་གྲོང་སྡེའི་གྲོང་མི་མཁའ་འགྲོ་ཡིས་ཐོན་རྫས་གསར་པའི་དགེ་མཚན་སྐོར་གླེང་སྐབས“སྲོལ་རྒྱུན་གྱི་ཞོག་ཁོག་དང་བསྡུར་ཚེ་ད་ཐེངས་ཁྱབ་གདལ་བཏང་བའི་སོན་གསར་ཞོག་ཁོག་ནི་བོངས་ཚད་ཆེ་ལ། གནོད་འཚེ་ཉུང་བ། ཐོན་ཚད་མཐོ་བ་བཅས་ཀྱི་ཁྱད་ཆོས་ཡོད་པས་མུའུ་རེའི་ཐོན་ཚད་རྒྱ་མ7000འབྱུང་བ་རྒྱུན་དུ་མཐོང་རྒྱུ་ཡོད”ཅེས་བཤད་པ་རེད།

སྨྱུག་འཛིན་པས་དཀར་མཛེས་རྫོང་ཞིང་འབྲོག་གྲོང་གསེབ་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་འདིར་དཀར་མཛེས་རྫོང་ལྷོ་པ་ཡུལ་ཤོག་ལྷོ་པ་གྲོང་སྡེ་དང་འབྲུག་ཡུལ་གྲོང་སྡེ།དབུལ་སྐྱོར་གནས་སྤོས་གྲོང་གསར་བཅས་སུ་ཐོན་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་དཔེ་སྟོན་འདེབས་འཛུགས་རྟེན་གཞི་མུའུ3150འཛུགས་སྐྱོང་བྱས་པ་དང་། ཧོང་ཤིན226དང282 ཅི་ཀྲང་ཞོག་ཁོག་ཨང་རྟགས12པ།ཤིས་སེན་ཨང་རྟགས6པ། V7སོགས་ཞོག་ཁོག་སོན་གསར་ནང་འདྲེན་བྱས་པས་ཐོན་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་དཔེ་སྟོན་འདེབས་འཛུགས་རྟེན་གཞིའི་ཆ་སྙོམས་ཐོན་ཚད་མུའུ་རེར་རྒྱ་མ7000ལ་ཟིན་ཡོད་པ་རེད། ལྷག་པར་དུ་ཅི་ཀྲང་ཞོག་ཁོག་ཨང་རྟགས12པའི་ཐོན་ཚད་མཐོ་ཤོས་མུའུ་རེར་རྒྱ་མ14000ཟིན་པས་དཀར་མཛེས་རྫོང་གི་ས་ཞིང་མུའུ་རེའི་ཞོག་ཁོག་ཐོན་ཚད་མཐོ་ཤོས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། ཞོག་ཁོག་རྡོག་རེའི་ལྗིད་ཚད་ཀྱང་ཁེ100ནས་ཁེ500བར་ཟིན་གྱི་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན།ཞོག་ཁོག་འདེབས་འཛུགས་རྟེན་གཞི་ཧྲིལ་པོའི་ཐོན་ཚད་བསྡོམས་འབོར་རྒྱ་མ་ཁྲི1102.5ལ་ཟིན་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་རྫོང་ནི་ཁམས་བྱང་གི་འབྲུ་མཛོད་ཡིན་པའི་ཆ་ནས། ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བའི་ཆེད་དུ། དཀར་མཛེས་རྫོང་གིས་རྫོང་རང་ཉིད་དང་འཚམ་པའི་ཞོག་ཁོག་ཐོན་ལས་འཕེལ་རྒྱས་གཏོང་བའི་ལག་རྩལ་གསར་པ་དང་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ“སྤྱི་གཉེར་ཁང་དང་རྟེན་གཞི།ཞིང་དུད”མཉམ་འབྲེལ་བྱས་པའི་ཐོན་ལས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་དང་ཁེ་ཕན་བགོ་བཤའི་ལམ་སྲོལ་བཙུགས། “ཁེ་ལས་ཀྱིས་རྟེན་གཞི་བཙུགས་ནས་དམངས་ཀྱི་ཡོང་འབབ་འཕར་སྣོན་འབྱུང་བར”སྐུལ་འདེད་ཧུར་ཐག་བཏང་བ་དང་། ལས་ཞུགས་ལ“གླ་ཕོགས”ཡོད་པ། ས་ཞིང་གཏོང་བར“གླ་དངུལ”ཡོད་པ། འགན་གཙང་དོ་དམ་ལ“ཁེ་སྤོགས”ཡོད་པ་བཅས་བྱས་པ་རེད། 2021ལོར་ཁེ་ལས་ཀྱིས་འཁོར་རྒྱུག་གྲོན་དངུལ་སྒོར་ཁྲི157.5སྤྲད་པ་དང་། ཁེ་ལས་ཀྱིས་སྤུས་ལེགས་ཞོག་ཁོག་བཏབ་པར་མུའུ་རེར་སྒོར100བགོ་བཤའ་བརྒྱབ་པ་དང་། ལག་དངུལ་ཁྱོན་བསྡོམས་སྒོར་ཁྲི63ལ་ཟིན། ལས་བཟོ་བར་གྲོན་དངུལ་སྒོར་ཁྲི200ལྷག་ཙམ་སྤྲད། གྲོང་སྡེ་བཞི་ཡི་དུད་ཚང351གི་མི1669ལ་མི་རེར་ཆ་སྙོམས་ཡོང་འབབ་སྒོར2519.5 འཕར་སྣོན་བྱུང་ཡོད་པ་རེད།

ཕྱིན་ཆད་དཀར་མཛེས་རྫོང་གིས་ཁེ་ལས་ཀྱིས་སོན་བཟང་དང་ལག་རྩལ།མངགས་ཐོ་བཅས་མཁོ་འདོན་བྱེད་པའི་རྣམ་པ་གསར་པ་མུ་མཐུད་ནས་འཚོལ་ཞིབ་བྱས་ཏེ། མུའུ་ཁྲི་ཡི་ཞོག་ཁོག་ཐོན་ལས་རྟེན་གཞི་མགྱོགས་མྱུར་ངང་འཕེལ་རྒྱས་བཏང་ནས། ཞོག་ཁོག་ཐོན་ལས“དམིགས་བསལ”དང“སྤུས་ལེགས”ཀྱི་འཕེལ་རྒྱས་ལམ་བུ་བཏོད་དེ་དཀར་མཛེས་རྫོང་གི་ཞིང་ལས་ཕན་འབྲས་དང་ཞིང་པའི་ཡོང་འབབ་འཕར་བའི“འོད་ལྡན་ཞོག་ཁོག་ཐོན་ལས”ཤིག་བསྐྲུན་རྒྱུ་ཡིན་པ་རེད། །




  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་དོད་པོའི་རྒྱུད་རིམ་བཅོས་སྐྱོང་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་དཔེ་དེབ་འགྲེམས་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།