མ་རྨོས་ལོ་ཏོག་ལ་ལོ་ལེགས་བྱུང་བའི་དུས་སྐབས་བསྐྱར་དུ་སླེབས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-10-25

སྟོན་ཁའི་དུས་ཚིགས་སུ། རོང་བྲག་རྫོང་གི་ཡུལ་ཤོག་དང་གྲོང་རྡལ་སོ་སོར་མ་རྨོས་ལོ་ཏོག་བརྔ་བསྡུ་བྱེད་པའི་དུས་སླེབས་པ་རེད། ལས་ལ་བརྩོན་པའི་ཞིང་པའི་དུད་ཚང་ཚོས་གནམ་གཤིས་ཡག་པོ་དང་བསྟུན་ནས་ཞིང་ནང་དུ་ལོ་ཏོག་བརྔ་བསྡུ་བྱེད་ཀྱི་ཡོད་པས་ག་ས་གང་དུ་ལོ་ལེགས་ཀྱི་རྣམ་པ་མངོན་བཞིན་འདུག།

ཡོད་ཟ་གྲོང་རྡལ་གྱི་རི་ལྡེབས་སུ་མ་རྨོས་ལོ་ཏོག་གི་ལོ་མར་སྔ་ནས་སྟོན་རླུང་གིས་ལྗང་མདོག་གི་གོས་བཟང་ཕུད་བཅུག་ཚར་བ་རེད། མི་རྣམས་ཀྱིས་རྒྱབ་ཏུ་སླེལ་པོ་འཁུར་ཏེ་ཞིང་ནང་དུ་ཕར་འགྲོ་ཚུར་འོང་བྱས་ནས་འཐུ་ཟིན་པའི་མ་རྨོས་ལོ་ཏོག་རྣམས་རྒྱབ་ཀྱི་སླེལ་པོ་ནང་དུ་བླུག་བཞིན་མཆིས། ཡུད་ཙམ་མ་འགོར་བ་སླེལ་པོ་མ་རྨོས་ལོ་ཏོག་གིས་གང་ཞིང་། གྲོང་མི་ཡོན་ཁུན་ཅུན་གྱིས་མ་རྨོས་ལོ་ཏོག་འཐུ་ཞོར་དུ་སྨྱུག་འཛིན་པར་སྔ་ལོར་ཆུ་ལོག་བྱུང་བས་གྲོང་སྡེའི་ནང་གི་ཆུ་འགྲམ་གྱི་ས་ཞིང་ཚང་མ་ཆུས་དེད་པས་གྱོང་གུད་ཚབས་ཆེན་ཐེབས་སོང་། ད་ལོར་གྲོང་མི་ཚོས་སྒུག་རྟེན་མི་བྱེད་པར་རང་སྐྱོབ་ཐོན་སྐྱེད་སྤེལ་ནས་རི་སྐེད་ན་ཡོད་པའི་ས་ཞིང་དང་ལོ་མང་པོར་ས་རྒོད་ལུས་པའི་ས་ཞིང་དག་བསྐྱར་དུ་རྨོ་འདེབས་བྱས་པ་ཡིན། “ཁྱེད་ཀྱིས་ལྟོས་དང་། ད་ལོར་ཆར་ཆུ་དུས་སུ་བབས་པས་མ་རྨོས་ལོ་ཏོག་གི་སྐྱེ་ཚུང་ཧ་ཅང་ཡག་པོ་འདུག། སྔོན་དཔག་བྱས་ན་མ་རྨོས་ལོ་ཏོག་གི་ཐོན་ཚད་དང་ཆུས་དེད་པའི་ས་ཞིང་གི་ཐོན་ཚད་དང་དོ་མཉམ་ཡོང་ཐུབ་རྒྱུ་རེད”ཅེས་སེམས་འགུལ་ཐེབས་བཞིན་དུ་དེ་ལྟར་བཤད།

ཕྱོགས་ཟུར་ཡུལ་ཤོག་ཏོན་འདྲ་གྲོང་སྡེའི་མོའུ་ཀོང་མིང་གི་མ་རྨོས་ལོ་ཏོག་གི་ཞིང་ནང་དུ་བལྟས་ཚེ་སྨིན་མ་ཚར་བའི་མ་རྨོས་ལོག་ཏོག་རྣམས་སྐས་རིམ་ལྟ་བུའི་ཞིང་ནང་དུ་སྐྱེས་འདུག། རྒྱང་རིང་གི་རི་རྩེར་ཁ་བ་བབས་པ་འདི་སྨྱུག་འཛིན་པའི་མིག་ལམ་དུ་མཐོང་བས་མིག་སྔའི་མ་རྨོས་ལོ་ཏོག་དེ་དག་ལ་སེམས་ཁྲལ་ཅུང་ཙམ་བྱས་པ་ཡིན། རྒྱུ་མཚན་ནི་ལོ་ངོ་ཉི་ཤུ་ལྷག་གི་ཡར་སྔོན་དུ་ཁ་བ་ཆེན་པོ་ཞིག་གིས་གྲོང་སྡེ་མང་པོའི་ས་ཞིང་ནང་གི་སྨིན་མ་ཚར་བའི་མ་རྨོས་ལོ་ཏོག་ཁ་བས་མནན་པ་དང་། ཁ་བ་ཞུ་རྗེས་མི་རྣམས་ཀྱིས་མགྱོགས་མྱུར་ངང་བརྔ་བསྡུ་བྱས་ཀྱང་མ་རྨོས་ལོ་ཏོག་ཚང་མ་འདམ་ནང་དུ་རུལ་ཡོད་པ་ཤེས། ཕུ་བོ་མོའུ་ལགས་ཀྱིས་སྨྱུག་འཛིན་པའི་བསམ་ཚུལ་རྟོགས་ནས“འདི་དག་ཚང་མ་ནི་སོན་བཟང་མ་རྨོས་ལོ་ཏོག་ཡིན་པས་གཟའ་འཁོར་གཅིག་ལས་མི་འགོར་བར་ཚང་མ་སྨིན་ཐུབ་གྱི་རེད། ཁ་བ་བབས་དུས་ང་ཚོའི་བརྔ་བསྡུ་དང་རྨོ་འདེབས་ཚང་མ་སྔ་ས་ནས་ལེགས་གྲུབ་ཐུབ་རྒྱུ་རེད”ཅེས་འཛུམ་དམུལ་དམུལ་ངང་ནས་དེ་ལྟར་བཤད།

སྟོང་དགུ་གྲོང་རྡལ་གཡང་ཤིང་གྲོང་སྡེའི་ཕྱོགས་བཞིའི་ས་ཞིང་ནང་དུ་མ་རྨོས་ལོ་ཏོག་གི་མྱུ་གུ་སེར་ལྡེམ་མེར་འཁྱིལ་ཅིང་། འདྲུད་འཐེན་འཕྲུལ་འཁོར་གྱིས་སྐད་སྒྲ་སྒྲོག་བཞིན་དུ་མ་རྨོས་ལོ་ཏོག་རྣམས་ཞིང་ཁ་ནས་དབོར་འདྲེན་བྱེད་བཞིན་འདུག ། གྲོང་སྡེ་དེའི་གཞིས་མི་ཐང་ཅན་གོ་ཚང་གི་ཁང་ཐོག་ཏུ་གསེར་མདོག་ལྡན་པའི་མ་རྨོས་ལོ་ཏོག་གི་འབྲུ་རྡོག་ཉི་མ་ལྡེ་བཞིན་འདུག།ཐང་ཅན་གོ་ཡིས་སྤར་བ་སྤྱད་ནས་ཨ་ལོག་རྒྱག་བཞིན་མཆིས། ཁོས་སྨྱུག་འཛིན་པར་ལོ་འདི་དག་གི་ནང་དུ་ཚན་རིག་དང་མཐུན་པར་ཞིང་ཁ་བཏབ་པར་བརྟེན་མ་རྨོས་ལོ་ཏོག་ལ་ལོ་ལེགས་བྱུང་།“མ་རྨོས་ལོ་ཏོག་གི་ཐོན་ཚད་མཐོན་པོ་ཡོད་སྟབས་འབྲུ་རིགས་ཀྱིས་ཕྱུགས་རིགས་དེ་བས་མང་པོ་གསོ་ཐུབ་ཀྱི་ཡོད། ཁྱེད་ཀྱིས་ལྟོས་དང་། ཁོ་ཚོའི་སྡོད་ཁང་ནང་གི་པ་ཤ་བསྙལ་མ་ནི་འབྲུ་རིགས་ལ་བརྟེན་ནས་གསོས་པའི་ལྷད་མེད་ཕག་ཤ་ཡིན་པ་རེད།ལོ་གཅིག་ནང་ད་དུང་བཤས་ཕག་བདུན་བརྒྱད་ཙམ་འཚོང་གི་ཡོད་པས་ཡོང་འབབ་ཁེ་གཙང་སྒོར་ཁྲི་གསུམ་ཙམ་རག་གིན་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།། 


  • ལེ་ཚན་སྔོན་མ།: ཁྱད་འཕགས་ཐོན་ལས་གསོ་སྐྱོང་སྟོབས་ལྡན་བྱས་ཏེ་ཡུལ་སྡེ་དར་རྒྱས་གཏོང་བའི་སྒུལ་ཤུགས་ངར་སློང་བྱས།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གིས་མཐོ་སྒང་གནག་ཕྱུགས་གསོ་ཚགས་བྱེད་སྟངས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས།
  • དོ་སྣང་ཆེ་བའི་རྩོམ།