གཡུ་ལོ་བཀོད་པའི་གཟའ་སྐར།

བཀྲ་ཤིས་ཟླ་བ།        2021-11-01

རྒྱ་མཚོའི་ཟབ་ས་རུ་ཁྲག་ཐིགས་ལྷུང་སོང་། སྡུག་གི་འཁོར་བ་ན་རུས་ཆག་དང་གློག་དམར་ལྡེབ་པའི་མི་བུ་ཁེར་རྐྱང་ཞིག་གིས་ཁྱོད་སར་བལྟས་འདུག།སྐབས་དེར།ཁྱོད་ཀྱིས་སྙན་འཇེབས་ཀྱི་རྫི་གླུ་ཞིག་མགུར་གྱིན་གདའ།ལན་རེར་ངག་ལྷའི་སྐད་དང་ནོར་བ་བྱུང་སོང་།ད་ནངས་གང་ནས་ཡོང་བ་ཁྱོན་ནས་མི་ཚོར་ལ།ད་ལན་ཡང་གང་དུ་འགྲོ་བ་གདོད་ནས་མ་ཤེས་པའི་མི་བུ་ཞིག་གིས་ཁྱོད་སར་ཅེར་ནས་འདུག།དུས་དེར།ཁྱོད་ཀྱིས་དྭངས་གསལ་གྱི་བཞོ་དབྱངས་ཤིག་འཐེན་གྱིན་འདུག།མཚམས་ལན་རེར་ཚངས་པའི་དབྱངས་དང་འཁྲུལ་སོང་།

ཨ་མ་ལགས།བདག་གིས་ངུ་ངག་གི་དབྱངས་རྟ་རྒྱུན་མི་ཆད་པར་ནམ་ནམ་ཞར་ཞར་སྒྲོག་དུས།ཁྱོད་ཀྱིས་ང་ལ་ཞིམ་མངར་གྱི་ནུ་འོ་ལྡུད་བཞིན།བཤད་ན་ཚར་རྒྱུ་མེད་པའི་གེ་སར་གྱི་སྒྲུང་ལྟ་བུའི་གནའ་གཏམ་ཞིག་ལྷན་དུ་ང་རང་རྨི་ལམ་གྱི་ཞིང་ཁམས་སུ་ཁྲིད་དེ་དལ་གྱིས་ང་རང་མལ་དུ་བསྙལ།ཕྱི་ཉིན།ཐོ་རེངས་ཀྱི་མཚམས་སྤྲིན་དམར་པོ་དེ་རི་རྩེ་ནས་མ་འཕགས་གོང་།ཁྱེད་རང་བདག་གི་དཔུང་བ་དང་ཐག་ཇེ་རིང་དུ་ཕྱིན་ཏེ།གཟུངས་སྔགས་མ་ཎི་ཡིག་དྲུག་གི་དབྱངས་འགྲོས་ཤིག་གསལ་ལ་མི་གསལ་བའི་སྒོ་ནས་ཟློ་བཞིན་ཤུག་དམར་གྱི་འོ་ཟོ་ཞིག་དང་འགྲོགས་ནས་རྐང་འཇབ་ལག་འཇབ་ཀྱིས་ལྷས་རར་ཕྱིན།

ཨ་ཕ་ལགས།ནོག་མེད་ཀྱི་ཞལ་རས་དེ་ཙག་སེར་ཀྱིས་བཅོམ་ཞིང་།ཉམས་མེད་ཀྱི་གཟུགས་རིས་དེ་ལྷགས་རླུང་གིས་བཅོམ་སོང་།ཁྱེད་ཀྱིས་ད་དུང་ནོར་ཁྱུ་ཡི་རྨིག་རྗེས་དེད་དེ།རི་ར་བ་ཁང་ཁྱིམ་ལ་བསྐོར་བ་ལན་ཅིག་བརྒྱབ།འོན་ཏེ།དེ་དུས་ང་རང་ད་དུང་རྨི་ལམ་གྱི་དག་ཞིང་དེ་ལས་གྱེན་དུ་མ་བསླངས།

རྟ་བདུན་དབང་བོའི་གཟི་བྱིན་ས་སྟེང་དུ་འཕྲོས་ཚེ།ང་རང་ད་གཟོད་མལ་ཐུལ་ལས་འགྲེ་ལྡོག་ཅིག་དང་སྦྲགས་ཏེ་མལ་ལས་ལངས།དུས་དེར་ད་གཟོད་ཁྱེད་གཉིས་གམ་དུ་མེད་པ་གཞི་ནས་ཚོར་ཏེ།གཅེར་བུར་ཨག་སྒྲ་ཞིག་དང་ལྷན་དུ་ཨར་འདམ་གྱི་ས་ངོས་ནས་རྒྱུག་མ་འདུར་གྱིས་ཁྱེད་གཉིས་ཀྱི་སར་ཕྱོགས།

དཔྱིད་ཀའི་རླུང་བུ་འཇམ་པོ་ཞིག་ལྷོད་ཀྱིས་ལྡང་སྟེ།སྤྲིན་ནག་གི་ཕུང་བོ་རེ་རེ་འཕྲེད་ཀྱིས་གཏོར་ཞིང་།ཉི་ཟེར་དྲོན་མོ་ཞིག་གིས་སྐྱེ་བོ་དུ་མ་ཞིག་གི་མདུན་བསུ་བཞིན་འདུག།

ཁ་བ་དང་བུ་ཡུག་གི་ཁྲོད་དང་།དབྱར་དགུན་དང་སྟོན་དཔྱིད་གསེབ་ནས།དཀའ་སྡུག་གི་མདུང་རྩེས་སེམས་ལ་བསྣུན་ཏེ།འདི་ལྟར་རྒས་སོང་།བདག་གིས་ཡབ་ཡུམ་ཞེས་པའི་མིང་བྱང་འདི་ཉིད་ལ་བསམ་གཞིག་གི་ཕྱེ་ལེབ་སྨུག་པོ་དེ་དུས་རབས་དུ་མ་ཞིག་གི་ཡར་སྔོན་དུ་བཏང་དུས།བདག་གིས་ཁྱེད་ཀྱི་འབོད་མིང་ལ་གངས་རིའི་ཕོ་རྒོད་དང་མཐོ་སྒང་གི་འབྲོག་མོ་ཞེས་བརྗོད་པ་གསལ་ལེར་ཤེས་སོང་།འཚོ་བ་ཡི་གྲུ་ཟུར་ཞིག་ནས།ཁྱེད་གཉིས་ཀྱིས་སྤོབས་པ་ཡིས་དེ་རིང་བསྐྱལ་ཞིང་།རེ་བ་ཡིས་སང་ཉིན་སྒུག་པའི་སྣང་བརྙན་དེར་བལྟས་ན།ཉི་མ་དང་ཟླ་བའི་འཆར་ནུབ་ལ་བལྟས་པ་ལྟར་གཉིས་སུ་མ་མཆིས།ང་རང་དངོས་གནས་ཁྱེད་གཉིས་ཀྱི་ལང་ཚོ་དང་མི་ཚེ་ལ་སེར་སྣ་ཤོར་བྱུང་།རབ་མཛེས་ཀྱི་གཟུགས་རིས་དང་ཞལ་རས་ལ་ཕངས་སེམས་སྐྱེས་བྱུང་།

ཡབ་ཡུམ་ལགས།ཁྱེད་གཉིས་ཀྱི་དབུ་སྐྲ་དཀར་པོའི་ཉག་མའི་བར་གསེང་ཁྲོད་ན།མི་བུ་ངའི་ཁྱོད་ལ་ཆད་པའི་དྲིན་ལན་ཡོད།བརྩོན་པ་ཡི་སྤར་མོ་ལྷོད་མ་མྱོང་བའི་ཚིགས་མཚམས་དེ་ན་ངའི་ཁྱེད་ལ་ཆད་པའི་བྱམས་བརྩེ་ཡི་ནུ་རིན་ཡོད།

འདས་ཟིན་པའི་ལོ་རྒྱུས་ཀྱི་སྣང་ངོ་ནས་དགའ་སྐྱོ་ཆགས་སྡང་གི་ཐིགས་པ་རེ་རེ་མི་ཚེ་ཡི་རབ་ཁ་བཙན་པའི་ཁུགས་སོ་རུ་བཞག་སྟེ།དཀའ་སྡུག་གི་རྔུལ་ཁྲག་ཐོད་ནས་བཞུར་ཏེ་གླེན་ཕྲུག་ང་ཤེས་རིག་གི་པད་འདབ་ལྷུག་པར་གྲོལ་བའི་རྐང་དྲུག་གི་ཁྱུ་ཚོགས་སུ་བསྐྱལ།

ཁྱོད་ནི་ཅི་འདྲའི་ཁ་བཏགས་བཞིན་དཀར་མདངས་ལྡན་ལ།མེ་ཏོག་བཞིན་སེར་མདངས་མངོན།ད་དུང་ཟུངས་ཁྲག་བཞིན་དམར་མདངས་འཁྱུག་ཅིང་དབྱར་གཞུང་བཞིན་ལྗང་མདངས་ལྡན།མདོར་ན།ཁྱོད་གཉིས་ནི་དཀར་སེར་དམར་ལྗང་གི་གྲུབ་པའི་ཟ་འོག་གི་ན་བཟའ་ཞིག།མི་བུ་ངའི་ཚ་གདུང་གི་རྔུལ་ཆུ་འབྱིན་མཁན།ལྷགས་རླུང་གི་གྲང་ངར་བཅོམ་མཁན་དེའོ།

བུ་ཆུང་ངས་ཕ་མཐའ་གཞལ་དུ་མེད་པའི་ཁྱེད་གཉིས་ཀྱི་བཀའ་དྲིན་ནི་ལོ་རབས་དང་དུས་རབས།ཚེ་རབས་སོགས་ཆུ་བོ་ཡི་རྒྱུན་བཞིན་ཇི་ལྟར་བཞུད་ཀྱང་།དུས་དང་རྣམ་པ་ཀུན་ཏུ་དྲན་འཛིན་གྱི་མེ་ལོང་ལས་ནམ་ཡང་གསུབ་ཐབས་དབེན།

  • ལེ་ཚན་སྔོན་མ།:དྲིན་གཟོ་ཤེས་པ་ང་ཚོའི་འགན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།