སྡོང་ལོ་ཐོར་ཚུལ་དང་ཕ་མ་རྒས་ཚུལ་གཅིག་པ་རེད།

ལུག་རྫི།        2021-11-10

ས་སེར་སྤང་སྔོན་ལ་ནེམ་ཤ་རྒྱས་ཤིང་། རྩྭ་ལྗང་རྩི་ཏོག་གི་མགོ་ཆུང་འབུར་དུས་ནི། སུ་ཞིག་གིས་ནམ་ཟླ་དཔྱིད་ལ་དབུ་ཁྱུད་འབྲི་བའི་སྒང་རེད།

དཔྱིད་མགོ་ཚུགས་པའི་དེ་རིང་ནས་བཟུང་། ཙག་གིས་བཅུན་པའི་སྡོང་ཕྲུག་དག་གྲང་ངར་གྱི་སོ་ཁ་ལས་ཐར་ཏེ། ཡལ་འདབ་ཀྱི་གཤོག་ཟུང་ལྷོད་ནས། སློབ་རའི་མཛེས་རྒྱན་དུ་འགྲེང་བའི་སྟ་གོན་བྱེད། སྡོང་ཕྲུག་མང་ཡང་རྩ་བའི་སྡོང་རྒན་གཅིག་སྟེ། སྡོང་ཕྲུག་རེ་རེ་གསོ་སྐྱོང་གི་བརྒྱུད་རིམ་ནི་ཕ་མ་བུ་ཕྲུག་གཉོར་བ་དང་འདྲ་ལ།

འདབ་ལོའི་ཚོགས་ཀྱིས་ཕ་མའི་ལང་ཚོ་དང་གཟུགས་བྱད། ད་དུང་ཤ་ལས་ཆད་པའི་བུ་ཕྲུག་དག་མཚོན་ནོ། །

སྡོང་པོ་ལ་ཡལ་འདབ་ཀྱི་དཔུང་ཤ་རབ་ཏུ་རྒྱས་དུས་ཚ་གཡོལ་དུ་འོངས་པའི་མི་ཚོགས་ཀྱིས་བསིལ་གྲིབ་འོག་གི་འདུག་གནས་ལ་ཧབ་ཐོབ་བྱེད། སྡོང་པོ་ལ་གོ་གནས་ག་ཙམ་སྤྲད་ཡོད་མིན་དམངས་ཁྲོད་གླུ་ཚིག་འདི་ལས་ཀྱང་ཟུར་ཙམ་ཤེས་ཐུབ།

ལྕང་མ་ང་ཡིས་བཏབ་ཡོད།།

ལྕང་ཆུ་ང་ཡིས་བཏང་ཡོད།།

ལྕང་མའི་བསིལ་གྲིབ་འོག་ཏུ།།

སྡོད་མཁན་དཔོན་པོ་སླེབས་བྱུང་།།

དུས་ཚིགས་དེ་ནི་ཏག་ཏག་ཕ་མ་རྣམས་གཞོན་སོ་དཀར་དུས་ལྟ་ན་སྡུག་པའི་གཟུགས་བྱད་ལུས་ལང་ཚོའི་དཔལ་གྱིས་རྣམ་པར་སྒེག་པའི་ཚེ། འཁོར་བུ་དང་བུ་མོའི་ཚོགས་ཀྱིས་མཐའ་ནས་བསྐོར་བའི་དུས་སྐབས་དང་ཡོངས་སུ་མཚུངས།

ཡིན་ན་ཡང་།དུས་ཀྱིས་ཁ་དོག་བསྒྱུར་ཅིང་རླུང་གིས་ཕྱོགས་མེད་སྤུར་བའི། སྡོང་ལོ་སེར་བོའི་ཉམས་གུད་ལས་ཕ་མ་ཚོ་རྒས་པའི་ངང་ཚུལ་དྲན་ངོར་ཤར་འོང་།

ལོ་མ་སེར་བོའི་ཚོགས་མིག་མདུན་ནས་རྒྱང་རིང་ལ་སུ་ཞིག་གིས་བཙན་གྱིས་དེད་པ་ལྟར། སྡོང་རྒན་ཁོ་ནས་ཁེར་ཧྲེང་ངང་སྐམ་གྱོང་གི་ལུས་པོ་གྲང་རླུང་གི་རྡུང་རྡེག་ལ་གླན། ཕ་མ་ཚོས་བུ་ཕྲུག་ལ་རང་དབང་གི་གནས་མལ་བཞེངས་སྐྲུན་བྱ་ཕྱིར།བྱེའུ་ཆུང་བཞིན་ཐོག་མར་གོམ་པ་སྤོ་སྟངས་དང་། རིམ་གྱིས་གཤོག་པ་རྐྱོང་ཚུལ།མཐར་འཕུར་ལུགས་བསླབས།བུ་ཕྲུག་དག་འཆིང་བྱེད་མ་སུ་ཞིག་གི་བསླུ་བྲིད་དམ།

དོན་ལྡན་གྱི་བྱ་གཞག་ཅི་ཞིག་གི་སྣེ་མོར་འཇུས་ཏེ།དོན་དུ་རྒྱང་མི་རིང་ཡང་ཁོ་ཚོས་རྒྱང་རིང་དུ་འབོད་པའི་ས་ཆ་ཞིག་ལ་རྡོག་ཐོན་བྱས།

ཕ་མ་ཟུང་གཅིག་ཁང་སྟེང་གི་དར་ལྕོག་བཞིན། ལོ་ཟླའི་ཁུར་བོས་དུབ།དཔྲལ་བའི་གཞོང་ལ་གྲོག་ཤུར་བཏོད་ཀྱང་། དཀའ་སྡུག་གི་ཁོར་ཡུག་ནས་སྡུག་ཡུས་ཀྱི་སྨྲ་བརྗོད་མེད་པར། བུ་ཕྲུག་ཁོ་ནར་ཡོད་ཚད་འབུལ་འདོད་ཀྱི་ཆོད་སེམས་བརྟན་པོའི་ངང་། སྔར་བུ་ཕྲུག་ཚོའི་བཞུད་ལམ།རྒྱང་རིང་དུ་བསྣར་བའི་ས་ལམ་དེར།བྱ་ར་བྱེད་པའི་མིག་ཟུང་ཉིན་གཅིག་ལའང་བཙུམ་མ་མྱོང་།



  • ལེ་ཚན་སྔོན་མ།:ཆེས་མཐའ་མཇུག་གི་ཉིན་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།