མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱ་མཚོ་འཕྱུར་བའི་འཇིགས་ཉེན་གྱི་ངོས་ཟིན་མཐོར་འདེགས་བྱེད་དགོས་པའི་འབོད་སྐུལ་བཏང་།

        2021-11-09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ལྔ་ཉིན་འཛམ་གླིང་གི་རྒྱ་མཚོ་འཕྱུར་བའི་འདུ་ཤེས་ཉིན་མོར་ཞུ་ཚིག་ཕུལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་མཚོ་འཕྱུར་བའི་འཇིགས་ཉེན་གྱི་ངོས་ཟིན་མཐོར་འདེགས་བྱས་ཏེ། ཉེན་ཁ་ཇེ་ཆུང་དུ་གཏོང་བའི་གསར་གཏོད་བྱེད་ཐབས་མཉམ་སྤྱོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ང་ཚོས་ད་ཡོད་ཀྱི་རྨང་གཞིའི་སྟེང་མུ་མཐུད་དུ་འབད་བརྩོན་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་གི་ས་ཁུལ་སོ་སོའི་རྒྱ་མཚོ་འཕྱུར་བའི་ཤུགས་རྐྱེན་ཐེབས་པའི་སྡེ་ཁུལ་དུ་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། རྒྱ་མཚོ་འཕྱུར་བ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཚན་རིག་གིས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་བཅུའི་འཆར་གཞིའི་ནང་འཇོག་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། རྒྱ་མཚོ་འཕྱུར་བའི་ཉེན་ཁ་སྔར་བཞིན་ཆེ་བ་དང་། ནམ་ཟླའི་འགྱུར་ལྡོག་ལས་རྒྱ་མཚོའི་ངོས་ཇེ་མཐོར་སོང་བ་ལས་རྒྱ་མཚོ་འཕྱུར་བའི་གཏོར་བརླག་གི་ཚད་ཇེ་ཆེར་འགྲོ་བཞིན་ཡོད། རྒྱ་མཚོ་འཕྱུར་སླ་བའི་ས་ཁུལ་ནས། མགྱོགས་མྱུར་ངང་གྲོང་ཁྱེར་ཅན་དུ་འགྱུར་བ་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བའི་ཡུལ་སྐོར་ལས་རིགས་ཀྱིས་ཀྱང་མི་མང་བོ་ཉེན་ཁའི་གནས་སུ་དེད་ཡོད་ཟེར། 

ཁོས་བཤད་རྒྱུར། ཚན་རིག་ལ་མཐོང་ཆེན་བྱེད་པ་དང་། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ། ཧུར་ཐག་སྒོས་གནོད་འཚེ་སྔོན་འགོག་བྱེད་པ། སྔ་མོ་ནས་འགུལ་སྐྱོད་སྤེལ་བ་ནི་མི་དམངས་དང་སྡེ་ཁུལ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་བྱ་བའི་སྙིང་བོ་ཡིན། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་པ་དང་། ལྟ་ཞིབ་ལེགས་བཅོས་བྱེད་པ། ཉེན་བརྡ་གཏོང་བ་བཅས་ལ་གལ་འགངས་ཧ་ཅང་ཆེ། ཉིན་རེ་བཞིན་རྙོག་འཛིང་དུ་འགྱུར་བཞིན་པའི་འཛམ་གླིང་ཡོངས་ཀྱི་ཉམས་ཉེན་མང་བོའི་མདུན་ནས། ང་ཚོས་གྲ་སྒྲིག་གང་ལེགས་བྱེད་དགོས་ཟེར། 

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ལོ་རེའི་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་འཛམ་གླིང་གི་རྒྱ་མཚོ་འཕྱུར་བའི་འདུ་ཤེས་ཉིན་མོར་གཏན་འཁེལ་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ཉིས་སྟོང་སུམ་ཅུ་ལོའི་བར་འཛམ་གླིང་ཡོངས་ཀྱི་བརྒྱ་ཆའི་ལྔ་བཅུའི་མི་རྣམས་ཀྱིས་ཆུ་ལོག་དང་དྲག་རླུང་། རྒྱ་མཚོ་འཕྱུར་བ་བཅས་ཀྱི་འཇིགས་ཉེན་ཐེབས་སླ་བའི་མཚོ་འགྲམ་ས་ཁུལ་དུ་འཚོ་བ་རོལ་ངེས་རེད། 


  • ལེ་ཚན་སྔོན་མ།:ཨུ་རུ་སུ་དཀར་པོས་ཟླ་བཅུ་བའི་གསར་བརྗེ་སྤེལ་ནས་ལོ་འཁོར104ལོན་པར་རྗེས་དྲན་ཞུས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།