ཧྲེན་དབྱང་གིས་བརྒྱད་ཟིལ་དང་ལྕགས་ཟམ་སོགས་སུ་བརྟག་ཞིབ་གནང་སྐབས་ནན་འགོག་བརྟན་སྲུང་བྱས་ནས་རིམས་ནད་འགོག་ཟོན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས་ཞེས་གསུངས།

ལྷ་འཛོམས་ཀྱིས་བསྒྱུར།        2021-11-10

ཧྲེན་དབྱང་གིས་བརྒྱད་ཟིལ་དང་ལྕགས་ཟམ་སོགས་སུ་བརྟག་ཞིབ་གནང་སྐབས་ནན་འགོག་བརྟན་སྲུང་བྱས་ནས་རིམས་ནད་འགོག་ཟོན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས་ཞེས་གསུངས།

ཧྲེན་དབྱང་གིས་བརྒྱད་ཟིལ་རྫོང་གི་དབེན་པོ་གྲོང་རྡལ་དུ་རིམས་ཚུལ་འགོག་ཟོན་ལས་ཀར་ཁྲིད་སྟོན་གནང་བཞིན་པའི་ཚུལ།

སྤྱི་ཟླ11པའི་ཚེས5ནས6ཉིན་བར་ལ། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་བརྒྱད་ཟིལ་དང་།ལྕགས་ཟམ་རྫོང་དུ་ཕེབས་ཏེ་རིམས་ནད་འགོག་ཟོན་དང་ཡུལ་སྡེ་དར་རྒྱས། དེ་བཞིན་འགྲིམ་འགྲུལ་ལས་གཞི་གལ་ཆེན་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་ཆབས་ཅིག་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས་རིམས་ནད་འགོག་ཟོན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་ཞིང་དཔོན་ཧོང་ཆང་གིས་རིམས་ནད་འགོག་ཟོན་སྐོར་གྱི་ལས་ཀའི་བླང་བྱ་བཏོན་གནང་བ་ཁྱོན་ཡོངས་ནས་དོན་འཁྱོལ་དང་།རིམས་ནད་འགོག་ཟོན་གྱི་གནས་བབ་ཛ་དྲག་ཆེ་བ་ལ་ངོས་འཛིན་གསལ་པོ་བྱས་ཏེ།“ཕྱོགས་བཞིའི་འགན་འཁྲི་”སྔར་ལས་དམ་ནན་གཏོང་ཞིང་། སྟོབས་ཤུགས་ཡོད་དགུ་བཏོན་ནས་འགོག་ཟོན་གྱི་མཐིལ་ཚད་ནན་སྲུང་དང་རིམས་ནད་འགོག་ཟོན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་དང་གོ་རིམ་ལྡན་པ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

བརྒྱད་ཟིལ་རྫོང་དབེན་པོ་གྲོང་རྡལ་དང་། ཧོར་རྦ་ཡུལ་ཤོག། དུང་དཀར་ལུང་པའི་དོ་དམ་ཅུས་བཅས་སུ་བརྟག་ཞིབ་གནང་སྐབས་ཧྲེན་དབྱང་གིས་རིམས་ནད་འགོག་ཟོན་ལས་དོན་གྱི་སྙན་ཞུར་ཞིབ་ཚགས་ངང་གསན་པ་དང་ཡུལ་དངོས་སུ་བདེ་ཐང་ཨང་རྟགས་བཤེར་འབེབས་དང་། དྲོད་ཚད་ཚད་ལེན། ཐོ་འགོད་སོགས་ཀྱི་འགོག་ཟོན་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ཁོང་གིས་རེས་སྐོར་འདིའི་རིམས་ནད་ཐོན་མང་བ་དང་མིག་སྔའི་རིམས་ནད་འགོག་ཟོན་གྱི་དུས་བབ་རྙོག་འཛིང་ཆེ་བས་རིམ་ཁག་དང་སྡེ་ཚན་ཁག་གིས་ལྷོད་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་གྱི་ཐབས་ཇུས་བཀོད་སྒྲིག་གསར་ཤོས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། ཚན་རིག་དང་མཐུན་པའི་ངང་འགོག་ཟོན་དང་། གནད་སྨིན་འགོག་ཟོན། གོ་རིམ་ལྡན་པའི་ངང་འགོག་ཟོན་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།“ཕྱིའི་རིམས་ནད་སྔོན་འགོག་དང་། ནང་དུ་རིམས་ནད་བསྐྱར་ལོག་བྱུང་བར་སྔོན་འགོག། མི་དང་དངོས་ཟོག་མཉམ་འགོག”བཅས་ཀྱི་ལས་དོན་ཁག་ལ་སྔར་བས་དམ་འཛིན་ཡག་པོ་བྱ་དགོས། ཁུལ་ནང་ཞུགས་མཁན་ལ་ཚགས་བཤེར་དང་མི་སྣ་ཞིབ་དཔྱད་ཚད་ལེན་སོགས་ཀྱི་འགག་སྒོའི་འགོག་ཟོན་ལས་དོན་ཡག་པོ་བསྒྲུབས་ནས“ཨང་རྟགས་སེར་པོ་དང་དམར་པོའི”མི་སྣར་གནད་སྨིན་དོ་དམ་ཚོད་འཛིན་གྱི་ཞབས་འདེགས་ཞུ་རྒྱུར་ཤུགས་རྒྱག་པ་དང་འཚུབ་བསྟུན་ཐག་གཅོད་ཀྱི་སྔོན་ཇུས་ཞིབ་ཚགས་དང་འཐུས་ཚང་དུ་བཏང་ནས་ཞིབ་བཤེར་བྱ་དགོས་རིགས་ལ་ཞིབ་བཤེར་བྱེད་པ་དང་། ཉིང་སྐྱུར་བརྟག་དཔྱད་བྱ་དགོས་རིགས་ལ་བརྟག་དཔྱད་བྱེད་པ། ལོག་བཀར་བྱ་དགོས་རིགས་ལ་མི་གཅིག་ཀྱང་མི་ལུས་པ་ལོག་བཀར་བྱེད་པ་བཅས་བྱ་དགོས། གཙོ་གནད་ཁྱབ་ཁོངས་དང་།གཙོ་གནད་ས་གནས། གཙོ་གནད་ཐུག་ས་བཅས་ལ་དམ་པོར་དམིགས་ཏེ་བདེ་ཐང་ཨང་རྟགས་ཁྱེར་ནས་འགྲོ་འོང་དང་། གཟུགས་པོའི་དྲོད་ཚད་ཚད་ལེན། ཁ་ཤུབས་རྒྱག་པ། སྤྱི་ཚོགས་ཀྱི་འབྲེལ་བའི་སྨི་གཅིག་གི་བར་ཐག་རྒྱུན་འཁྱོངས་སོགས་ཀྱི་བྱ་ཐབས་ལག་བསྟར་ནན་པོ་བྱས་ནས་མི་སྣ་འདུ་འཛོམས་མང་བའི་སྤྱི་ཁུལ་དུ་རིམས་འགོག་ཞིབ་བཤེར་དང་། ཁོར་ཡུག་བཅོས་སྐྱོང་། འཕྲོད་བསྟེན་བཅོས་སྒྲིག་བཅས་ལ་ཤུགས་བརྒྱབ་ནས་རིམས་ནད་མཆེད་པའི་ཉེན་ཁ་ཆུང་དུ་གཏང་དགོས། དགོས་གལ་ཆེན་པོ་མེད་ན་ཁུལ་བརྒལ་ནས་འགྲོ་འོང་མི་བྱེད་པ་དང་། དགོས་གལ་མེད་ན་ཞིང་ཆེན་ཕྱིར་མི་འགྲོ་བ། ཚོགས་འདུ་དང་གསོ་སྦྱོང། དེ་བཞིན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་སོགས་ཐད་ཀྱི་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་སྤེལ་རྒྱུ་ཉུང་དུ་གཏོང་གང་ཐུབ་བྱས་ནས་རིམས་ནད་བསྐྱར་དུ་མི་ཐོན་པ་ནན་འགོག་བྱ་དགོས།

བརྒྱད་ཟིལ་རྫོང་གི་གནག་ཕྱུགས་ཁྲིའི་ཐོན་ལས་གླིང་ཁུལ་དུ་ཧྲེན་དབྱང་གིས་ཐོན་ལས་འཕེལ་རྒྱས་དང་།གཉེར་སྐྱོང་ཡོང་འབབ། མང་ཚོགས་འབབ་འཕར་སོགས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཞིབ་ཕྲ་བླངས་རྗེས། ཐོན་ལས་འཕེལ་རྒྱས་ནི་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་དང་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། ཡུལ་བབ་དང་བསྟུན་པ་དང་གཙོ་གནད་འབུར་དུ་ཐོན་པ། ཁྱད་ཆོས་ལྡན་པའི་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏང་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་བསྒྱུར་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རྒྱུན་མཐུད་སྣེ་ཁྲིད་བྱ་དགོས་ཞེས་གསུངས།

འབེན་པོ་གྲོང་རྡལ་འགག་སྟོད་གྲོང་ཚོར་བརྟག་ཞིབ་གནང་སྐབས། ཧྲེན་དབྱང་གིས་རྒྱལ་སྲུང་གཞུང་ལམ་ལམ་ཐིག549པའི་བརྒྱད་ཟིལ་ནས་སྲིབ་སྨད་བར་གྱི་འཛུགས་སྐྲུན་གནས་ཚུལ་སྙན་ཞུར་གསན་འཇོག་གནང་ཞིང་། ཁོང་གིས་རྒྱལ་ལམ་ལམ་ཐིག549པ་བསྐྲུན་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་དེ་ཁུལ་ཡོངས་ཀྱི“གཞུང་བཞི་འཕྲེད་བཞིའི”གཞུང་ལམ་འགྲིམ་འགྲུལ་དྲྭ་རྒྱ་བསྐྲུན་རྒྱུ་དང་འབྲེལ་བ་ཡོད་པར་མ་ཟད། ལུང་ཁུག་གི་ཡུལ་སྡེའི་ས་བབ་ཚོད་འཛིན་མེད་པ་བཟོ་རྒྱུ་དང་མི་དམངས་མང་ཚོགས་ཀྱི་འཚོ་བ་སྐྱིད་པོར་རེ་སྒུག་བྱེད་པ་དང་འབྲེལ་བ་ཡོད། ས་གནས་དེ་གའི་ཏང་ཨུ་དང་སྡེ་ཚན། ཨར་སྐྲུན་ཁེ་ལས་བཅས་ཀྱིས་མཉམ་ལས་དམ་ཟབ་དང་མཉམ་ཤུགས་སུ་ཆགས་པར་བྱས་ཏེ་འཆར་འགོད་ཀྱི་བཀོད་སྒྲིག་ལྟར་ལས་ཡུན་ལྡོག་སྒྲིག་སོགས་བྱས་ནས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏང་དགོས་ཞེས་གསུངས་པ་རེད།

བརྟག་ཞིབ་གནང་རིང་ཧྲེན་དབྱང་ད་དུང་དབེན་པོ་གྲོང་རྡལ་འགག་སྟོད་གྲོང་ཚོའི་གནས་སྤོས་དུད་ཚང་ཝུའུ་ཉི་ཝུའུ་ལའེ་དང་ལ་ཆེན་མོ་གྲོང་ཚོའི་དབུལ་ཐར་དུད་ཚང་ཁྲེན་ཁྲང་ཧྲོའུ་ཡི་ཁྱིམ་དུ་བསྐྱོད་དེ་དབུལ་ཞྭ་ཕུད་རྗེས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཆ་རྒྱུས་ཞིབ་ཕྲ་བླངས་རྗེས། ཁོང་གིས་དབུལ་ཞྭ་ཕུད་པ་ནི་མཐའ་མ་མིན་ལ། དེ་ནི་འཚོ་བ་གསར་པ་དང་འབད་འཐབ་གསར་པ་བྱེད་པའི་མགོ་འཛུགས་ས་ཡིན་པས་ཚང་མས་ཡང་འབད་བསྐྱར་འབད་བྱས་ཏེ་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཡུལ་ཤོག་དང་གྲོང་རྡལ་གྱི་ལས་བྱེད་པ་དང་སྤེལ་རེས་གནང་སྐབས། ཁོང་གིས“མི་ལེན་པ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གསར་གཏོད་བྱེད་ཐབས་གསར་པ་ཇུས་འགོད་ཡག་པོ་བྱས་ནས་མང་ཚོགས་དང་འབྲེལ་བ་སྔར་བས་དམ་པོ་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དོན་གནད་ཧུར་ཐག་སྒྲུབ་པ། མང་ཚོགས་ཀྱི“སེམས་ཁུར་དང་རེ་སྒུག་བྱེད་པའི”བདེ་རྩར་ཐུག་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བཅས་བྱས་ནས་གཞི་ཁྱོན་ལྡན་པའི་དབུལ་པོ་བསྐྱར་ལོག་མི་ཡོང་བའི་མཐིལ་ཚད་མཐའ་གཅིག་ཏུ་བསྲུངས་ནས་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་ནན་གསུང་གནང་བ་རེད།། 

  • ལེ་ཚན་སྔོན་མ།:རོང་བྲག་བོད་གྲོང་གི་སྟོན་ལྗོངས།
  • ལེ་ཚན་རྗེས་མ།: བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ།
  • དོ་སྣང་ཆེ་བའི་རྩོམ།