ཟོལ་མེད་སེམས་པ་གཏན་དུ་ཏང་ལ་འཁོར།

བདེ་སྐྱིད་ཀྱིས་བསྒྱུར།        2021-11-05

ཟོལ་མེད་སེམས་པ་གཏན་དུ་ཏང་ལ་འཁོར།
བཀྲ་ཤིས་ལྷ་མོས་གསར་འགོད་པ་ལ་ཏང་གི་འཐབ་ལམ་རླབས་པོ་ཆེའི་སྐོར་གླེང་བ།

སྐྱ་ཕྱེད་སྔོ་ཕྱེད་ཆགས་པའི་མགོ་སྐྲ་ཡིས་དཀའ་སྡུག་མྱོང་བའི་འདས་དོན་རང་ཤུགས་སུ་བརྗོད་པའི་རིགས་སུ་མཐུན། ངོ་གདོང་ལ་རང་ཤུགས་ཀྱིས་དོད་པའི་གཉེར་མའི་ཁྲོད་དུ་གསོན་ཉམས་ལྡན་པའི་གསར་བརྗེའི་གཏམ་རྒྱུད་མང་པོ་ཉན་རྒྱུ་མཆིས། རྒན་རྒོན་དེ་དག་ལ་ཕར་བལྟས་ན་ཁྱིམ་མཚེས་ཀྱི་སྤོ་བོ་ལགས་དང་རྨོ་བོ་ལགས་དང་འདྲ་བར་བྱམས་བརྩེ་ཡིས་ཁེངས་པའི་མི་སྤྱིར་བཏང་བ་ཞིག་རེད། གལ་སྲིད་ཁོང་ཚོས་ལོ་བཅུ་ཕྲག་ཁ་ཤས་གོང་གི་སྤྱིར་བཏང་མིན་པའི་ལོ་ཟླའི་སྐོར་མ་གླེང་ན་སུ་ཞིག་གིས་ཁོང་ཚོར་ཟིལ་རླབས་དགུང་འཕྱུར་གྱི་འགྲོ་འོང་ཡོད་པ་སུས་ཤེས། རྒན་རྒོན་ཚོའི་སེམས་པ་གཏན་དུ་ཏང་ལ་འཁོར་དུས་ད་ལྟའང་སྔར་བཞིན་རང་ཉིད་ཀྱི་ནུས་པ་བསྒྲིམས་ནས་འོད་ཆེམ་ཆེམ་དུ་འཕྲོ་བའི་བྱ་བ་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་རེད།

གཞན་ལ་མིག་དཔེ་སྟོན་པའི་ནུས་སྟོབས་ཀྱིས།། གཞི་རིམ་འབངས་ལ་ཞབས་ཕྱི་སྒྲུབ་ཤུགས་བསྣན།།

བཀྲ་ཤིས་ལྷ་མོ་ནི1937ལོར་སྐྱེས་ཤིང་ད་ལོར་ལོ་ན84ལ་སོན་པ་རེད། ལོ60ཡི་སྔོན་དུ་ལོ་ན24ལ་སོན་པའི་བཀྲ་ཤིས་ལྷ་མོ་དཔལ་ཡུལ་རྫོང་ཨ་ཚབ་གྲོང་རྡལ་ཨ་ཚབ་གྲོང་སྡེའི་ནང་གྲོང་སྡེའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཡིས་བདེན་དཔང་བྱས་འོག། ཏང་དར་ལ་ཁ་ཕྱོགས་ཏེ་དམ་བཅའ་བཞག་ནས་གཟི་བརྗིད་ལྡན་པའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་མི་ཞིག་ཏུ་གྱུར། དུས་དེ་ནས་བཟུང་མོས་ཟོལ་མེད་ཀྱི་སེམས་པ་ཀྲུང་གོ་གུང་ཁྲན་ཏང་ལ་ཕུལ་བ་རེད།

དུས་ཚོད་རིམ་བཞིན་འདས་ནས་སྐད་ཅིག་ཙམ་ལ་མི་ལོ60འདས། ཏང་ནང་ཞུགས་དུས་བཞག་པའི་དམ་བཅའ་ནི་ཁོའི་སེམས་སུ་སྔར་བཞིན་གསལ་ལྷང་ངེ་ཡོད་པ་རེད། ང་ཚོའི་མཐའ་འཁོབ་འབྲོག་ཁུལ་འདིར་སྤྱིར་བཏང་གི་ཏང་མི་མང་ཚོགས་ཡོད་ལེ་མ་རེད། དེའི་སྐབས་སུ་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་ང་ཏང་ནང་དུ་ཞུགས་རྒྱུར་འོས་སྦྱོར་བྱས་ནས་ང་ཧ་ཅང་དགའ་མྱོང་། ངས་བསམས་ན་འདི་ནི་ཏང་གིས་ང་ལ་ཡིད་ཆེས་པ་རེད་ཅེས་བཀྲ་ཤིས་ལྷ་མོས་རང་ཉིད་ཀྱི་མྱོང་ཚོར་དེ་ལྟར་བཤད།

དེའི་སྐབས་སུ་ས་གནས་དེ་གའི་འབྲོག་པ་ཚོའི་མཐོང་རྒྱ་ཙམ་དང་ཤེས་རྒྱུ་ཆུང་བས་ཏང་གི་དམངས་ཕན་སྲིད་ཇུས་དང་མི་རིགས་སྲིད་ཇུས་རྒྱུས་ལོན་དེ་ཙམ་མེད་པར་བརྟེན།བཀྲ་ཤིས་ལྷ་མོས་ཏང་ནང་ཞུགས་པའི་དོན་དག་དེ་རིགས་ལ་དོགས་འདྲི་དང་སྐྱོན་འཛུགས་བྱས་པ་རེད། འོན་ཀྱང་དེས་བཀྲ་ཤིས་ལྷ་མོ་ཏང་ནང་ཞུགས་པའི་ཐོག་མའི་བསམ་འདུན་དང་ཆོད་སེམས་ལ་གཡོ་འགུལ་ཐེབས་མེད་ཅིང་། མོས་རང་ཉིད་ཀྱི་གདམ་ག་དེ་ཡང་དག་པ་ཡིན་པའི་ཡིད་ཆེས་བརྟན་པོ་བཅངས་པ་རེད། མོས་དུས་དང་རྣམ་པ་ཀུན་ཏུ་ཏང་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་འབོད་སྐུལ་དང་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་ནས་དཀའ་སྤྱད་ཀྱིས་ལས་ཀ་བྱས་སྟབས། མཐའ་འཁོབ་འབྲོག་ཁུལ་གྱི་ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་གྱི་དཔེ་བཟང་ཅན་གྱུར་པར་བརྟེན། ས་གནས་དེ་གའི་མང་ཚོགས་ཀྱིས་ཁས་ལེན་གཅིག་མཐུན་ཐོབ་ནས་གྲོང་སྡེའི་མཉམ་ལས་ཁང་གི་ཕྱུགས་འཚོའི་ཚོགས་ཆུང་གི་མགོ་གཙོ་དང་ལྟ་སྐུལ་པར་འདེམས་བསྐོ་བྱས་པ་རེད།

མོས་རང་རེའི་ཏང་འཕེལ་རྒྱས་སྟོབས་ལྡན་གྱུར་པ་དང་ཏང་གི་མགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་ཉིན་བཞིན་ཡར་རྒྱས་འགྲོ་བའི་འཚོ་བ་གསར་པ་རོལ་བཞིན་ཡོད་པ་དང་། ང་ཚོའི་རྒྱང་རིང་མཐའ་འཁོབ་ཀྱི་འབྲོག་ཁུལ་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་རྣམ་པ་བཅས་མིག་མཐོང་ལག་ཟིན་བྱུང་དུས། རང་ཉིད་ཀྱིས་དེའི་སྐབས་སུ་བྱས་པའི་གདམ་གར་ཡིད་སྨོན་བྱེད་ཀྱི་ཡོད། ང་ནི་གུང་ཁྲན་ཏང་མི་ཞིག་ཡིན་པས། གཟུགས་པོས་ལྕོགས་ཕྱིན་དུས་ནམ་ཡང་ངས་ཏང་གི་བཀོད་སྒྲིག་དང་ལེན་བྱས་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཡིན། ལོ60ཡི་སྔོན་ལ་ང་ཏང་ནང་ཞུགས་སྐབས་འདི་ལྟར་བཤད་པ་ཡིན་ལ། འདི་ལྟར་བསྒྲུབས་ཀྱང་ཡོད། ད་ལྟ་ང་ལོ་ན84སོན་རུང་ངས་ད་དུང་འདི་ལྟར་བཤད་རྒྱུ་ཡིན་ལ། འདི་ལྟར་བསྒྲུབ་རྒྱུའང་ཡིན་ཞེས་བཤད་པ་རེད།

ཟོལ་མེད་སེམས་པ་གཏན་དུ་ཏང་ལ་འཁོར།
ཤེས་ཐབས་ཀྱིས་དམག་མིའི་ཉམས་འགྱུར་སྔར་བཞིན་གནས།

དམག་གོས་ཕུད་ཀྱང་དམག་གི་དཔའ་ཉམས་རྒྱུན་དུ་སྲུང་།།ཐོག་མའི་བསམ་འདུན་མི་སྒྱུར་གཟི་བརྗིད་གཏན་སྲུང་བྱས།།

ད་ལོར་ལོ་ན70ལ་སོན་པའི་མི་རྒན་ཤེས་ཐབས་ནི་དཔལ་ཡུལ་རྫོང་ཨ་འཛི་ཡུལ་ཤོག་མིག་དམར་གྲོང་སྡེ་དང་པོའི་གྲོང་མི་ཞིག་ཡིན་པ་རེད། སྔོན་ཆད་ཁོ་ནི་མེ་སྒྱོགས་དམག་ཡིན་ཞིང་། ལོ70རིང་གི་དཀའ་སྡུག་ལོ་ཟླ་བརྒྱུད་རིམ་ནང་མི་རྒན་གྱི་དྲན་ཤེས་མང་པོ་ཞིག་བརྗེད་ངས་རྐུན་པོས་ཁྱེར་ཡོད་ནའང། དམག་དཔུང་གི་འཚོ་བ་ཡིད་ལ་གསལ་པོ་དྲན་ཐུབ་པ་རེད།

1971ལོའི་སྤྱི་ཟླ9པར་ཤེས་ཐབས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་ཞིག་ཏུ་དམག་ལ་ཞུགས། 1973ལོར་ཁོ་དམག་དཔུང་མཉམ་དུ་ཡུན་ནན་དུ་རེས་འཐབ་བྱེད་སའི་ནང་ཞུགས། མེ་སྒྱོགས་འཕེན་མཁན་ཞིག་ཡིན་པའི་ངོས་ནས་བཤད་ན་གཡུལ་སར་གནད་ལ་འཁེལ་བའི་ངང་མེ་སྒྱོགས་འཕེན་ཆེད་གཡུལ་ས་ནས་ཚུར་ལོག་རྗེས་ཁོས་སྔར་བཞིན་ཉིན་ལྟར་སྦྱོང་བརྡར་དང་ཞིབ་འཇུག་བྱ་དགོས་པ་རེད། འཐབ་འཛིང་བྱས་པའི་བརྒྱུད་རིམ་ཞིག་གི་ཁྲོད་དུ། ཤེས་ཐབས་ལ་འཇབ་སྒུག་བྱས་པའི་དགྲ་བོས་འཕངས་པའི་མེ་མདའ་ཕོ་བར་ཕོག་ནས་རྨས་སྐྱོན་ཐེབས་པ་རེད། ཚེ་སྲོག་ཤོར་མེད་མོད། འོན་ཀྱང་ཁོ་ལ་རྨས་སྐྱོན་ཚབས་ཆེན་ཐེབས་ནས་རྗེས་མཐུད་ཀྱི་འཐབ་འཛིང་ནང་ཞུགས་ཐུབ་མེད་པ་རེད། ད་ལྟའང་དོན་དག་དེའི་སྐོར་གླེང་སྐབས་མི་རྒན་ཁོས་ཏང་དང་མི་དམངས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱས་མེད་པར་བློ་ཕམ་ཆེན་པོ་བྱེད་ཀྱི་ཡོད། དམག་འཁྲུག་མཇུག་བསྒྲིལ་རྗེས་ཤེས་ཐབས་དམག་ཞབས་ཐིམས་ནས་ཕྱིར་དཔལ་ཡུལ་རྫོང་དུ་ལོག། གཡུལ་སར་ཁོས་རང་ཉིད་ཀྱི་ཁྲག་དྲོན་དང་སྙིང་སྟོབས་ལ་བརྟེན་ནས་བློ་དཀར་སེམས་དཀར་བྱས་པ་དང་། ཕ་ཡུལ་དུ་ལོག་རྗེས་ཁོས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ད་ལོ་ནི་ཏང་བཙུགས་ནས་ལོ100འཁོར་བའི་ལོ་ཡིན་ཞིང་། སྤྱིར་བཏང་མིན་པའི་ལོ100ལ་ཕྱིར་མིག་བལྟས་ནས་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་མི་རྒན་ཤེས་ཐབས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་མི་སེར་གྱི་འཚོ་བ་སྔར་བས་ཡག་ཏུ་ཕྱིན་ཡོད་པ་དང་། ཏང་ཨུ་དང་སྲིད་གཞུང་གིས་ང་ཚོ་འཐབ་འཛིང་པ་རྒན་གྲས་ལ་སེམས་ཁུར་ཧ་ཅང་ཆེན་པོ་གནང་བཞིན་ཡོད་། ང་ད་ལྟ་འཚོ་བ་ཧ་ཅང་སྐྱིད་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་དང་ཀྲུང་གོ་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ཟོལ་མེད་ཀྱི་སྐད་ཆ་དེ་ལྟར་བཤད་པ་རེད།

ཟོལ་མེད་སེམས་པ་གཏན་དུ་ཏང་ལ་འཁོར།

ཐང་རྙེད་ཀྱིས་སྤྱིར་བཏང་མིན་པའི་ལོ་ཟླ་ཕྱིར་དྲན་བྱེད།

དམག་དཔུང་ནང་དུ་དཀའ་སྤྱད་བྱས་ནས་གཤིས་རྒྱུད་བསྐྱངས།།དམངས་ལ་ཞབས་ཕྱི་སྒྲུབ་པའི་འགན་འཁྲི་འཁུར་སེམས་མངོན།།

ད་ལོར་ལོ་ན70ལ་སོན་པའི་ཐང་རྙེད་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པར་མ་ཟད། དམག་ཞབས་ཐིམས་པའི་དམག་མི་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་ཞིག་ཀྱང་རེད། ཁོའི་མི་ཚེ་ཧྲིལ་པོར་དམག་དཔུང་དང་ས་གནས་སྲིད་གཞུང་གི་ལས་དོན་ལ་གཞོལ་ནས་ཐོབ་ཐང་དང་གོ་གནས་གང་འདྲ་ཞིག་ཡིན་རུང་། ཏང་ནང་ཞུགས་སྐབས་ཀྱི “གུང་ཁྲན་རིང་ལུགས་ཀྱི་ཆེད་དུ་མི་ཚེ་ཧྲིལ་པོ་འབད་བརྩོན་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་ཆེད་དུ་རང་ཉིད་ཀྱི་ཡོད་དགུ་བློས་གཏང་རྒྱུའི་གྲ་སྒྲིག་བྱ་དགོས”ཞེས་པའི་དམ་བཅའ་ཁོས་ནམ་ཡང་བརྗེད་མེད་པ་རེད།

ཐང་རྙེད་དང་ཤེས་ཐབས་གཉིས་དུས་ཅིག་ཅར་དུ་དམག་ནང་ཞུགས་ཤིང་། སྐབས་དེར་ཐང་རྙེད་ཀྱིས་ཧ་ཅང་དཀའ་ཚེགས་ཆེ་བའི་མཐའ་སྲུང་དམག་མི་བྱས་མྱོང་། གནམ་གཤིས་ངན་པ་དང་རྙོག་འཛིང་ཆེ་བའི་ས་བབ་ཀྱིས་རྒྱུན་པར་མཁོ་སྤྲོད་སྡེབ་སྐྱེལ་ལ་ཤུགས་རྐྱེན་བཟོ།

ཐེངས་ཞིག་ལ་ཕྱི་ལ་ལས་འགན་སྒྲུབ་དུ་འགྲོ་སྐབས་གནམ་གཤིས་ངན་པའི་གནས་ཚུལ་དང་འཕྲད་པས། ཁོ་དང་འཐབ་གྲོགས་ཚོ་ལྟོགས་ནས་ཉིན་ཞག་བདུན་ལ་ཆུ་བཏུང་སྟེ་ལྟོགས་པའི་སྡུག་བསྔལ་སེལ། ད་རུང་རྒྱུན་དུ་དྲག་ཆར་ཁྲོད་ནས་དམག་དོན་སྦྱོང་བརྡར་བྱེད་བཞིན་ཡོད་མོད། འོན་ཀྱང་ཁོས་དཀའ་ངལ་རེ་རེ་བཞིན་ཁྱད་དུ་བསད་པར་མ་ཟད། ད་རུང་མདའ་འཕེན་པའི་སྦྱངས་འབྲས་ཕུལ་དུ་བྱུང་ནས་བྱ་དགའ་ཐེངས་མང་པོ་ཐོབ་སྟེ་མེ་མདའ་སྐྱེན་པོའི་མཚན་སྙན་ཐོབ་པ་རེད།

1976ལོའི་སྤྱི་ཟླ4པར། ཐང་རྙེད་དམག་ཞབས་ཐིམས་ནས་ཕྱིར་དཔལ་ཡུལ་རྫོང་དུ་ལོག། རྫོང་ཨུའི་རྩ་འཛུགས་པུའུ་རུ་ལས་དོན་བགོས་པ་རེད། ལས་ཀའི་སྤྱོད་ཚུལ་མངོན་གསལ་དོད་པའི་དབང་གིས་ཏང་རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར། ཁོས་མཐུན་སྒྲིལ་ཡུལ་ཤོག﹙ད་ལྟའི་མཉམ་སྐྱིད་ཡུལ་ཤོག﹚གི་ཡུལ་དཔོན་གྱི་འགན་འཁུར། སྔོན་རྗེས་སུ་ཁོ་འདམ་ཐར་ཡུལ་ཤོག་དང་ཨ་འཛི་ཡུལ་ཤོག འབར་ཆུང་ཡུལ་ཤོག་བཅས་ཀྱི་ཡུལ་གྲོང་དུ་ལས་འགན་འཁུར་མྱོང་ཞིང་། 1999ལོར་ལས་འཁྱུར་ངལ་གསོ་བྱས་པ་རེད།

གཞི་རིམ་དུ་ལས་ཀ་བསྒྲུབས་པའི་ལོ་ཉི་ཤུ་ལྷག་ཙམ་རིང་། ཁོས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཨང་དང་པོར་བཞག་ནས་དམངས་འཚོར་སེམས་ཁུར་ཧ་ཅང་ཆེན་པོ་གནང་སྟེ། གཞི་རིམ་གྱི་ཡུལ་གྲོང་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་ནས་ཐེངས་མང་པོར་ཕུལ་བྱུང་ཏང་དོན་སྒྲུབ་མཁན་ལ་བདམས་པ་རེད། ལས་འཁྱུར་ངལ་གསོ་བྱས་རྗེས་ཁོས་དུས་དང་རྣམ་པ་ཀུན་ཏུ་གུང་ཁྲན་ཏང་ཡོན་གྱི་འགན་འཁྲི་བློ་ལ་བརྟན་པོ་བཅངས་ནས་ན་ནིང་ཏོག་གསར་གློ་རིམས་ཀྱི་རིམས་བབ་ཐོན་རྗེས། ཁོས་ཉེན་ཁར་མི་སྐྲག་པར་འཛེམ་བག་མེད་པར་ཡར་ལངས་ཏེ། ཞིང་འབྲོག་མང་ཚོགས་ལ་རིམས་འགོག་ཤེས་བྱ་དྲིལ་བསྒྲགས་ཧུར་ཐག་བྱས་པར་མ་ཟད། རིམས་འགོག་ལས་དོན་གཞན་དག་ནང་ཞུགས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དམག་ཞབས་ཐིམས་ཀྱང་ཕྱིར་བཤོལ་མི་བྱེད་པ་དང་། ལས་འཁྱུར་ངལ་གསོ་བྱས་ཀྱང་སྙིང་སྟོབས་མི་དོར་པའི་འགན་འཁྲི་ལག་ལེན་བསྟར་ནས་གུང་ཁྲན་ཏང་མི་ཞིག་ལ་ཚང་དགོས་པའི་གཤིས་རྒྱུད་གསོན་ཉམས་དོད་པོས་མངོན་པ་རེད།

ལོ་བརྒྱའི་རིང་གི་ཟིལ་རླབས་དགུང་དུ་འཕྱུར་ཞིང་། ལོ་བཅུ་ཕྲག་འགའི་རིང་གི་ཐོག་མའི་བསམ་འདུན་དེ། བཀྲ་ཤིས་ལྷ་མོས་མི་ཚེ་ཧྲིལ་པོར་གཞི་རིམ་ལ་ཞབས་འདེགས་ཞུས་ནས་ཏང་ནང་ཞུགས་སྐབས་ཀྱི་དམ་བཅའ་བློ་ལ་བརྟན་པོར་བཅངས། ཤེས་ཐབས་ཀྱིས་དམག་ཞབས་ཐིམས་ནས་ལོ་མང་སོང་ཡང་རྒྱལ་ཁབ་ཀྱི་བདེ་འཇགས་ཡིད་ལ་བཅངས་ནས་དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་ཆེད་དུ་ཡོད་ཚད་བློས་གཏང་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད། ཐང་རྙེད་ཀྱིས་མི་ཚེ་ཧྲིལ་པོར་ལས་གནས་མང་པོ་ཞིག་ཏུ་བསྐྱོད་ཅིང་། ལས་འཁྱུར་ངལ་གསོ་བྱས་ནས་ད་བར་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་ལ་འགྱུར་བ་བཏང་མེད། རྒན་རྒོན་གསུམ་གྱིས་མི་ཚེ་ཧྲིལ་པོ་དུས་ཚོད་ནང་ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་གཤིས་རྒྱུད་ལག་ལེན་བསྟར་ནས་ཟོལ་མེད་སེམས་པ་དམར་པོ་ཏང་འཁོར་བའི་ཆོད་སེམས་དང་། སྙིང་སྟོབས་བརྟན་སྲུང་བྱས་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཕུལ་བྱུང་གཤིས་རྒྱུད་ཀྱི་བསྡུས་རིས་ཤིག་ཡིན་པས། དེའི་བྱ་སྤྱོད་ལ་མི་རེ་རེས་དངོས་གནས་སློབ་སྦྱོང་བྱེད་རིན་ཡོད་པ་ཞིག་རེད།།

  • ལེ་ཚན་སྔོན་མ།:2023ལོར་མྱུར་ལམ་དེ་གཉིས་ལ་རླངས་འཁོར་ཤར་གཏོང་ཐུབ་རེ་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།