བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ།

ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བསྒྱུར་ཞུས་བྱས།        2021-11-10

རོང་བྲག་རྫོང་གིས་ཤུགས་ཆེན་པོས་ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྐྱོང་བྱས་ནས་ཡུལ་སྡེ་དར་རྒྱས་ཡོང་བར་རོགས་སྐྱོར་བྱས།

བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ།
རྩོ་པ་གྲོང་སྡེའི་གྲོང་མིས་རྒུན་འབྲུམ་སྡུད་བཞིན་པ།

སྟོན་དུས་སུ་སླེབས་སྐབས། རོང་བྲག་རྫོང་ས་ཕོག་ཡུལ་ཤོག་རྩོ་པ་གྲོང་སྡེའི་ཆང་སྙོལ་རྒུན་འབྲུམ་འདེབས་འཛུགས་དུད་ཚང་ཚོས་ཡང་བསྐྱར་ལོ་ལེགས་བྱུང་བའི་དུས་ཚིགས་ཤར་བ་དང་། གྲོང་མི་རྣམས་ཀྱིས་རྟེན་གཞིའི་ནང་གི་མཛེས་སྡུག་རྣམ་པར་བཀྲ་བའི་རྒུན་འབྲུམ་ལ་ལྟ་བཞིན་ངོ་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས།

ཡུལ་སྡེ་དར་རྒྱས་གཏོང་བའི་དཔྱིད་རླུང་གི་ཁྲོད་དུ། རོང་བྲག་རྫོང་གི་རྒུན་འབྲུམ་ཐོན་ལས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་དུ་གོང་འཕེལ་བྱུང་ལ། རོང་བྲག་རྫོང་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་ཀྱི་འཆར་འགོད་བཟོ་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཚུལ་དང་ཁ་ཕྱོགས་གནད་དུ་ཁེལ་བའི་སྒོ་ནས་དམ་འཛིན་བྱས། རྫོང་གི་དངོས་ཡོད་གནས་ཚུལ་དང་འཕེལ་རྒྱས་ཀྱི་ལེགས་ཆར་རྐང་ཚུགས་པ་དང་། དམིགས་བསལ་གྱི་གནམ་གཤིས་ལེགས་ཆ་དང་ས་བབ་ལེགས་ཆར་བརྟེན་ནས་རྒུན་འབྲུམ་དང་རྒུན་ཆང་ཐོན་ལས་དེ་ཁྱད་ཆོས་ལྡན་པའི་ཞིང་ལས་ཀྱི་གཙོ་ཁྲིད་ཐོན་ལས་སུ་བྱས་ནས། གཙོ་གནད་དུ་བཟུང་ནས་འདེབས་གསོ་བྱས་པས་ས་གནས་དེ་གའི་དཔལ་འབྱོར་སྤེལ་སྟངས་བསྒྱུར་བ་དང་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བར་སྒུལ་ཤུགས་མཁོ་འདོན་བྱས། རྒུན་འབྲུམ་ཆུང་ཆུང་དེས་རོང་བྲག་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་བདེ་སྐྱིད་བསྐྲུན་པར་མ་ཟད་རོང་བྲག་རྫོང་གི་ཡུལ་སྡེ་དར་རྒྱས་ཀྱི་ལམ་ཆེན་ཡང་བཏོད་ཡོད།

ཐོན་ཁུངས་ལ་གཞི་ཚུགས་ནས་ཞིང་ལས་ཐོན་ལས་ལེགས་ སྒྲིག་བསམ་ཕྱོགས་ཁ་གསལ་བཟོས།

ཞོགས་པའི་དུས་སུ་རི་མགོའི་སྨུག་པ་རིམ་གྱིས་ཡལ་སོང་། གསར་འགོད་པ་རོང་བྲག་རྫོང་ས་ཕོག་ཡུལ་ཤོག་རྩོ་པ་གྲོང་སྡེའི་རྒུན་འབྲུམ་རྟེན་གཞིར་བསྐྱོད་སྐབས་རྒུན་འབྲུམ་གྱི་སྡོང་པོ་སྟར་ཕྲེང་བསྒྲིགས་ཡོད་པ་མཐོང་ལམ་སུ་མངོན་ཞིང་རྒུན་འབྲུམ་གྱི་དྲི་ཞིམ་གང་སར་འཐུལ།

ཞོགས་པ་སྔ་མོ་ནས། གྲོང་མི་ཚོགས་མེད་ཀྱི་ཁྱིམ་ཚང་གང་བོ་རྒུན་འབྲུམ་ཞིང་ནང་དུ་ལས་ཀར་བྲེལ་བཞིན་འདུག། ཁོས་བཏུས་ཟིནཔའི་རྒུན་འབྲུམ་སྒམ་ནང་དུ་བླུགས་ནས་རྒུན་ཆང་བཟོ་གྲྭར་དབོར་བར་གྲ་སྒྲིག་བྱེད་ཀྱིན་ཡོད། ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་ནས་ཁེ་བཟང་ཐོབ་པའི་ཚོགས་མེད་ཀྱིས་གསར་འགོད་པར་ཡོང་འབབ་འཕར་སྣོན་ཡོང་ཆེད་ལོ་ཤས་གོང་དུ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འབོད་སྐུལ་འོག་ཏུ་ངས་ཆང་སྙོལ་བའི་རྒུན་འབྲུམ་འདེབས་འཛུགས་ཚོད་ལྟ་བྱས་ཡོད། སྲིད་གཞུང་གིས་ང་ཚོར་ས་བོན་མཁོ་འདོན་བྱས་པ་དང་རྒུན་ཆང་སྤྱི་གཉེར་ཁང་གིས་འདེབས་འཛུགས་ལག་རྩལ་ཁྲིད་ཡོད། རྒུན་འབྲུམ་ལ་འབྲས་བུ་སྨིན་རྗེས་སྤྱི་གཉེར་ཁང་གིས་ད་དུང་ཁྲོམ་རའི་རིན་གོང་ལས་མཐོ་བའི་མ་དངུལ་ཕུད་ནས་རྒུན་འབྲུམ་ཉོ་སྒྲུབ་བྱས་སོང་ཞེས་བཤད་པར་མ་ཟད། ད་ལྟ་ང་ཚོའི་གྲོང་སྡེའི་ཁྱིམ་ཚང་ཚང་མས་རྒུན་འབྲུམ་བསྡུ་བའི་ལས་ལ་བྲེལ་བཞིན་འདུག་ལ། དེ་རིང་གནམ་གཤིས་ཧ་ཅང་ཡག་པས་ངེད་བཟའ་ཚང་གང་བོ་རྒུན་འབྲུམ་འཐུ་བར་འོང་བ་ཡིན་ཞེས་བཤད།

རྒུན་འབྲུམ་འདེབས་འཛུགས་ཀྱི་མྱོང་ཚོར་གླེང་སྐབས། ཚོགས་མེད་ཀྱིས་འཛུམ་དམུལ་དམུལ་ངང་ནས་ཡོང་འབབ་འཕར་སྣོན་བྱུང་བས་འཚོ་བ་ཇེ་སྐྱིད་དུ་སོང་ལ། རྒུན་འབྲུམ་འདེབས་པར་ལུས་ཤུགས་ཆེན་པོ་མི་དགོས་ཀྱང་ངང་རིང་ཞིབ་ཚགས་ཤིག་ཡིན་དགོས་ལ་དེ་ལས་ཀྱང་གལ་ཆེ་བ་ནི་ཚན་རིག་དང་མཐུན་པའི་འདེབས་འཛུགས་ལག་རྩལ་ཡོད་དགོས། འདིའི་ཆེད་དུ་རྒུན་ཆང་སྤྱི་གཉེར་ཁང་གིས་ནམ་རྒྱུན་ལག་རྩལ་མི་སྣ་མངགས་ནས་ང་ཚོའི་འདེབས་འཛུགས་བརྒྱུད་རིམ་ཁྲོད་དུ་བྱུང་བའི་གནད་དོན་ཐག་བཅད་པར་མ་ཟད། ངང་རྒྱུད་རིང་བོས་གནོད་འབུ་འགོག་བཅོས་བྱེད་པའི་ཤེས་བྱ་འགྲེལ་བཤད་གནང་སོང་ཞེས་བཤད། དེའི་ཞོར་དུ་གསར་འགོད་པར་ཅི་ལྟར་བྱས་ནས་རྒུན་འབྲུམ་གྱི་ཡལ་ག་འབྲེག་དགོས་ཚུལ་དང་དེས་རྒུན་འབྲུམ་གྱི་སྐྱེས་ཚུལ་བཟང་ངན་ལ་འགན་ལེན་བྱེད་ཚུལ་སྐོར་གླེང་བས་བལྟས་ཚོད་ལ་ཁོ་ཡང་ལག་རྩལ་བ་ཞིག་ཏུ་གྱུར་འདུག།

རྩོ་པ་གྲོང་སྡེ་ལ་མཚོ་འཕགས་སྨི2600ཡོད་པ་དང་། དྲོད་ཚད་རན་ལ་ཉི་འོད་མོད་པ། ཉི་འོད་ཕོག་ཚད་རིང་བས་ཆང་སྙོལ་བའི་རྒུན་འབྲུམ་འདེབས་འཛུགས་བྱེད་པར་ཧ་ཅང་འཚམ། ཉེ་བའི་ལོ་ཤས་རིང་གྲོང་གསེབ་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་ཁྱད་ཆོས་ལྡན་པའི་འདེབས་འཛུགས་དང་གསོ་ཚགས་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་ཕྱིན་པས་གྲོང་སྡེ་འདིར་སྤྱི་གཉེར་ཁང་དང་མཉམ་ལས་ཁང་། ཞིང་དུད་བཅས་ཟུང་འབྲེལ་ཀྱི་འཕེལ་རྒྱས་རྣམ་པ་རིམ་བཞིན་དུ་ཆགས། དུས་མགོར་ས་གནས་དེ་གའི་སྤྱི་གཉེར་ཁང་གིས་འདེབས་འཛུགས་དུད་ཚང་ལ་ཤིང་འབྲས་སྲུང་སྐྱོང་དང་། རྒུན་འབྲུམ་སྦྱར་མཐུད། གནོད་འབུ་འགོག་སྲུང་སོགས་འདེབས་འཛུགས་ལག་རྩལ་བརྒྱུད་སྤྲོད་བྱས་ནས་ས་གནས་དེ་གའི་རྒུན་འབྲུམ་གྱི་སྤུས་ཚད་ལ་ཚོད་འཛིན་ནན་པོ་བྱས་པས་ཉོ་སྒྲུབ་ཀྱི་ཆུ་ཚད་སུ་སླེབས་ཤིང་། དུས་མཇུག་ཏུ་རྒུན་འབྲུམ་ཨ་རག་བཟོ་གྲྭས་ཐད་ཀར་ཉོ་སྒྲུབ་བྱས་པ་རེད།

ད་ལོ་རྩོ་པ་གྲོང་སྡེ་ཡི་འདེབས་འཛུགས་དུད་ཚང་གིས་ཆང་སྙོལ་རྒུན་འབྲུམ་རྒྱ་མ13000ལྷག་བཙོངས་པ་དང་ཡོང་འབབ་སྒོར52000ལ་ཟིན་ཡོད། ཚོགས་མེད་ཀྱིས་སྐྱེལ་འདྲེན་བྱེད་བཞིན་པའི་རྒུན་འབྲུམ་ལ་ལྟ་བཞིན་དུ་ད་ལོ་རྒུན་འབྲུམ་འདེབས་འཛུགས་བྱས་རྗེས་ངེད་ཚང་གི་ཡོང་འབབ་སྒོར10000ལྷག་ཇེ་མང་དུ་སོང་ལ། སྔོན་ཆད་ཀྱི་ཞིང་ལས་འདེབས་འཛུགས་དང་བསྡུར་ན་དཔལ་འབྱོར་གྱི་ཡོང་འབབ་ལྡབ་ཁ་ཤས་འཕར་སྣོན་འགྲོ་རྒྱུ་རེད། སང་ལོ་ངས་འདེབས་འཛུགས་རྒྱ་ཁྱོན་ཇེ་ཆེར་བཏང་ནས་ལག་རྩལ་སྦྱོང་བ་དང་དོ་དམ་ཡག་པོ་བྱས་ནས་ཡོང་འབབ་སྔར་ལས་མང་བ་འཐོབ་པར་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་དགའ་དགའ་སྤྲོ་སྤྲོའི་ངང་ནས་བཤད།

རྩལ་ནུས་ཆེ་རུ་བཏང་སྟེ་ཞིང་ལས་འཕེལ་རྒྱས་ཀྱི་ཕྱུག་འགྱུར་ནུས་པ་ ཡོངས་སུ་བསྐུལ།

རྩོ་པ་གྲོང་སྡེའི་ལམ་ཆུང་བརྒྱུད་ནས་འགྲོ་སྐབས་གྲོང་མིའི་གདོང་ལ་མངོན་པའི་བདེ་སྐྱིད་ཀྱི་འཛུམ་མདངས་དང་ཡུག་ཅིག་ཏུ་སྦྲེལ་པའི་རྒུན་འབྲུམ་ལྡུམ་ར་མཐོང་ཐུབ་ཅིང་། རྩོ་པ་གྲོང་སྡེའི་ཧྲུའུ་ཅི་དང་པོ་ཁྲེན་ཧྲུའུ་ཚའེ་ཡིས་མྱོང་ཚོར་ཟབ་མོའི་སྒོ་ནས་ད་ལྟ་མི་སེར་ཚོར་འདེབས་འཛུགས་ཀྱི་ཧུར་སེམས་རང་བཞིན་ཆེན་པོ་ཡོད། སྔར་འདེབས་འཛུགས་ཁྱབ་བརྡ་གཏོང་བའི་རྣམ་འགྱུར་དང་རྦད་དེ་མི་འདྲ་ཞེས་བཤད།

ཚོགས་མེད་ཀྱིས་གསར་འགོད་པར་ཧུར་བརྩོན་རང་བཞིན་ལོས་ཆེ། རྒུན་འབྲུམ་བཏབ་པ་དེ་ཞིང་ལས་སྐྱེ་དངོས་གཞན་དག་བཏབ་པ་ལས་སླ་བར་མ་ཟད་ཡོང་འབབ་ཀྱང་དེ་བས་བཟང་། རྒུན་འབྲུམ་བཏབ་ནས་ལོ་གསུམ་སོང་རྗེས་གཞི་ནས་འབྲས་བུ་སྨིན་ཐུབ་ཀྱི་ཡོད་པས་མི་སེར་ལ་ལའི་འདུ་ཤེས་ཅུང་རྗེས་ལུས་ཡིན་པ་དང་རྒུན་འབྲུམ་ཡོང་འབབ་ལ་ཡིད་ཆེས་དེ་ཙམ་མེད་པ་རེད། ད་ཆ་རྒུན་འབྲུམ་འདེབས་འཛུགས་བྱེད་མཁན་ཞིང་དུད་ཀྱི་དཔལ་འབྱོར་ཡོང་འབབ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་དང་།ཁྱིམ་ཚང་མི་ཉུང་བ་ཞིག་གིས་དེང་རབས་ཀྱི་ཁྱིམ་སྤྱོད་གློག་ཆས་དང་འཕྲུལ་རྟ་སོགས་ཉོས་ཡོད་ལ་ཁང་པའང་དེ་བས་མཛེས་སུ་ཕྱིན་ཡོད།

ཁྲེན་ཧྲུའུ་ཚའེ་ཡིས་ཐོན་ལས་ཇི་ལྟར་ཕྱོགས་སྒྱུར་རིམ་སྤོར་དང་ལག་རྩལ་གསར་པ་ཇི་ལྟར་བྱས་ཏེ་བཀོལ་སྤྱོད་བྱེད་པ།བྱེད་སྟངས་གསར་པ་ཇི་ལྟར་བྱས་ནས་དཔྱད་གཞིར་འཛིན་པ་སོགས་གསོ་སྦྱོང་ཁྲོད་མི་འདང་བ་དང་ཧེ་བག་ངོས་འཛིན་བྱས་ནས་གསོ་སྦྱོང་ཁྲོད་འདུ་ཤེས་འགྱུར་ལྡོག་དང་བསམ་ཕྱོགས་རྒྱ་ཆེར་གཏང་དགོས་ཞེས་བཤད།

སྤྱི་ཟླ10པའི་ཚེས9ཉིན་རོང་བྲག་རྫོང་གིས2021ལོར་བྱང་ཚད་མཐོ་བའི་ཞིང་པའི་རྩལ་ནུས་ཞབས་ཞུ་ཅན་དང་ཞིང་ལས་ཆེད་ལས་ཐོན་སྐྱེད་ཅན་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་རྫོང་ཡོངས་ཀྱི་ཡུལ་ཤོག(གྲོང་རྡལ) 12ནས་ཞིང་ལས་ཐོན་སྐྱེད་དང་གཉེར་སྐྱོང་།ཞབས་ཞུ་བཅས་བྱེད་མཁན་ཞིང་པ་དང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན96གསོ་སྦྱོང་ནང་ཞུགས་ཡོད། ད་ཐེངས་ཀྱི་གསོ་སྦྱོང་ནང་དོན་དེ་ཕྱོགས་བསྡུས་བྱང་ཚད་ཀྱི་སློབ་ཚན་དང་།ཆེད་ལས་འཇོན་ཐང་གི་སློབ་ཚན།ནུས་པ་རྒྱ་སྐྱེད་ཀྱི་སློབ་ཚན་བཅས་དང་འབྲེལ་བ་ཡོད་པ་རེད།

སྔོ་ཚལ་འདེབས་གསོའི་ལག་རྩལ་སློབ་སྦྱོང་དང་།སྲོག་ཆགས་ཀྱི་འཚོ་བཅུད་དང་གཟན་ཆག་གི་ཚན་རིག་ཤེས་རྟོགས།ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཡོང་བའི་ཤེས་བྱ་ཁོང་དུ་ཆུད་པ།སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལག་རྩལ་ལེགས་སུ་གཏོང་བ། དེང་རབས་ཞིང་ལས་ཐོན་ལས་གླིང་ཁུལ་ལ་ལྟ་སྦྱོང་བྱེད་པ།ཡུལ་སྡེ་དར་རྒྱས་ཀྱི་འཆད་ཁྲིད་ལ་ཉན་པ།ཐོན་སྐྱེད་བྱ་ཡུལ་དུ་རིགས་གཅིག་མཁས་ཅན་དང་གཅིག་གཏད་གཅིག་གི་སྤེལ་རེས་བྱེད་པ་སོགས་ལོ་ལྟར་ཞིང་དལ་དུས་སུ་རོང་བྲག་རྫོང་གིས་ཚ་ཚ་འུར་འུར་ངང་བྱང་ཚད་མཐོ་བའི་ཞིང་འབྲོག་པ་གསོ་སྦྱོང་བྱེད་ཀྱི་ཡོད།

ཉེ་བའི་ལོ་ཤས་རིང་ཞིང་འབྲོག་པའི་ཤེས་བྱ་དང་རྩལ་ནུས་ཀྱི་དགོས་མཁོ་བསྐང་རྒྱུ་གཙོ་བོར་བྱས་ནས་ཞིང་འབྲོག་པའི་ཐོན་ལས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་དམིགས་ཚད་ལས་འགན་ལ་དམིགས་ཏེ་རོང་བྲག་རྫོང་གིས་སྐུལ་སློང་ཧུར་ཐག་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་སློབ་གསོ་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་བཏང་བ་དང་།ཆ་རྐྱེན་འཛོམས་པའི་ནུས་པ་འཛུགས་སྐྱོང་ལ་ཤུགས་བརྒྱབ་པ།བྱང་ཚད་མཐོ་བའི་ཞིང་འབྲོག་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏང་རྒྱུ་རྒྱུན་འཁྱོངས་བྱས་པ། ཞིང་འབྲོག་མང་ཚོགས་རང་ངོས་ཀྱི་ནུས་པ་འདོན་སྤེལ་བྱས་པ། ཡུལ་སྡེ་དར་རྒྱས་གཏོང་བའི་རྨང་གཞིའི་ལས་དོན་ཞིག་ཡིན་པའི་ངོས་ནས་ཡུལ་ཤོག་དང(གྲོང་རྡལ) གྲོང་སྡེའི་སྐབས་བརྗེ་འདེམས་བསྐོ་དང་ཟུང་འབྲེལ་བྱས་ཏེ་ཏང་ཀྲི་པུའུ་ཡིས་གཙོ་བོར་བྱེད་པའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་བརྒྱབ་ནས་མང་ཚོགས་ཀྱིས་ཁས་ལེན་པ་དང་།བསམ་བློ་དང་རིག་གནས་ཀྱི་ཀུན་སྤྱོད་བྱང་ཚད་མཐོ་བ།ཕྱུག་འགྱུར་གྱི་ནུས་པ་ཆེ་བ།སྣེ་ཁྲིད་ཀྱི་ནུས་པ་ཆེ་བ་བཅས་ཀྱི་འོས་མི་འབོར་ཆེན་ཞིག་གྲོང་སྡེ་རིམ་པའི་ཚན་ཁག་ནང་བཅུག་ནས་གཞི་རིམ་རྩ་འཛུགས་དང་མང་ཚོགས་སྣེ་ཁྲིད་དེ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་དམག་འཐབ་ཀྱི་མཁར་རྫོང་ཞིག་ཏུ་འགྱུར་བར་བྱས།

མི་ལ་ཉ་སྤྲོད་པ་ལས། མི་ལ་ཉ་གསོ་སྟངས་སློབ་ན་དགའ་ཞེས་པ་ལྟར། རྫོང་དེས་ཞིང་དུད་ཀྱི་ངལ་རྩོལ་ནུས་ཤུགས་ཁྲིད་སྟོན་རང་བཞིན་གྱི་གསོ་སྦྱོང་དང་རྩལ་ནུས་རང་བཞིན་གྱི་གསོ་སྦྱོང་ལ་ཤུགས་བརྒྱབ་སྟེ་ངལ་ནུས་གཞན་དུ་བསྒྱུར་ནས་རིག་ནུས་རྣམ་པར་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད། ཐོན་ལས་རྟེན་གཞི་ཁག་གིས་མངགས་ཐོའི་རྣམ་པའི་ཐོག་ནས་ས་གནས་དེ་གའི་མཉམ་ལས་ཁང་དང་མཉམ་ལས་བྱས་ཏེ་གྲོང་སྡེ་ཁག་གི་འདེབས་འཛུགས་ལག་རྩལ་ལ་མཛུབ་ཁྲིད་བྱེད་པ་དང་ལས་རིགས་ཞིང་པ་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ནས་མི་གཅིག་སྐྱེད་སྲིང་དང་།ཁྱིམ་ཚང་གཅིག་ཕྱུག་འགྱུར་ཡོང་བ།ཡུག་གཅིག་སྐུལ་ཁྲིད་བྱེད་པ་བཅས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཐོན་ཡོད།

དེ་དང་ཆབས་ཅིག་ཕུལ་བྱུང་གྲོང་སྡེའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་དར་རྒྱས་ཆེ་བའི་ས་ཁུལ་དུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བསྐྱོད་དེ་ཁོང་ཚོའི་འདུ་ཤེས་འགྱུར་ལྡོག་གཏོང་བ་དང་།འཇོན་ཐང་ཆེ་རུ་གཏོང་བ།མཐོང་རྒྱ་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་ནས་དོན་དངོས་དང་།དངོས་སྤྱོད།ཕན་འབྲས་བཅས་ཀྱི་གསོ་སྦྱོང་རྩ་དོན་ལྟར། ཞིང་འབྲོག་མང་ཚོགས་ལ་ག་རེ་དགོས་པ་དང་འཛིན་གྲྭ་གང་དུ་གཉེར་དགོས་པའི་མངགས་ཐོ་རྣམ་པའི་སྦྱོང་བརྡར་བྱ་ཐབས་སྤྱད། སློབ་ཁང་དུ་སློབ་ཁྲིད་བྱེད་པ་དང་ཞིང་ཁར་དཔེ་སྟོན་བྱེད་པ་ཟུང་འབྲེལ་དང་། སྤྱི་ཁྱབ་ནས་འགྲེལ་བཤད་དང་གཙོ་གནད་གསོ་སྦྱོང་ཟུང་འབྲེལ། ཚན་རྩལ་ཁྱབ་གདལ་དང་དམིགས་བྱའི་རང་བཞིན་གྱི་གསོ་སྦྱོང་ཟུང་འབྲེལ། ཞིང་འབྲོག་མང་ཚོགས་ཀྱི་སྦྱོང་བརྡར་དང་།ངལ་ལས་རྩལ་ནུས་སྦྱོང་བརྡར།གྲོང་སྡེའི་སྤྱོད་གོ་ཆོད་པའི་ལག་རྩལ་སྦྱོང་བརྡར་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་ལག་བསྟར་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་གཞི་རྩའི་རྩལ་ནུས་དང་སྤྱོད་གོ་ཆོད་པའི་ལག་རྩལ་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་བས་མང་ཚོགས་ཀྱི་རང་སྟོབས་རང་སྤེལ་དང་རང་ཉིད་ཀྱི་དཀའ་ངལ་སེལ་ནུས་ཆེ་རུ་སོང་ནས་གྲོང་སྡེའི་ངལ་རྩོལ་ནུས་ཤུགས་ལྷག་མ་རྣམས་ལས་ཞུགས་གཞན་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

ན་ཚརིག་དང་མཐུན་པའི་ཇུས་འགོད་བྱས་ཏེ་ཨ་རག་སྙོལ་བའི་རྒུན་འབྲུམ་ཐོན་ལས་རྒྱ་སྐྱེད་རིམ་སྤོར་ལ་སྐུལ་འདེད་བཏང་།

ཆང་སྙོལ་རྒུན་འབྲུམ་ཐོན་ལས་ནི་རོང་བྲག་རྫོང་གི་ཞིང་པའི་ཕྱུག་འགྱུར་འབབ་འཕར་མགྱོགས་སུ་གཏོང་བའི་ཀ་རྟེན་ཐོན་ལས་གསར་པའི་གྲས་ཤིག་ཡིན།

རོང་བྲག་རྫོང་ནི་རྒྱལ་མོ་རྔུལ་ཆུའི་སྐམ་ཤས་ཆེ་བའི་རོང་ཁུལ་དུ་གནས་པ་དང་སྔ་ཕྱི་གཉིས་ཀྱི་དྲོད་ཚད་ཧེ་བག་ཆེ་བའི་ཁར་དྭངས་གཙང་སྦགས་བཙོག་མེད་པ་དང་ས་རྒྱུའི་གཏེར་རྒྱུ་ཕུན་སུམ་ཚོགས་པོ་ཡོད་པ་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཆ་རྐྱེན་འོག་བཏབ་པའི་རྒུན་འབྲུམ་དང་བསྙལ་བརྒྱབ་པའི་རྒུན་འབྲུམ་ཨ་རག་གི་བྲོ་བ་དམིགས་བསལ་དང་སྤུས་ཀ་མངོན་གསལ་དོད་པོ་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་།རོང་བྲག་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྒུན་འབྲུམ་འདེབས་འཛུགས་ལ་དམིགས་ནས་སྲིད་ཇུས་བཟང་པོ་རབ་དང་རིམ་པ་བཏོན་ཡོད།ཨ་རག་སྙོལ་བའི་རྒུན་འབྲུམ་འདེབས་ཁྱོན་ཆེ་རུ་བཏང་བ་དང་ཕན་འབྲས་ཆེ་རུ་ཕྱིན་པ་དང་ཆབས་ཅིག་རྒུན་འབྲུམ་འདེབས་འཛུགས་དུད་ཚང་ལ་ཞིང་ལས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་པའི་ཁྲོད་དངོས་ཕན་ཐོབ་པར་མ་ཟད།ཨ་རག་སྙོལ་བའི་རྒུན་འབྲུམ་འཕེལ་རྒྱས་གཏོང་བའི་ཧུར་བརྩོན་རང་བཞིན་ཡང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། དེ་ནི་ང་ཚོའི་ཁེ་ལས་སྔར་བས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་ཕན་པར་མ་ཟད།མི་སེར་གྱི་འབབ་འཕར་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་ཞིག་བཏོད་ཡོད་ཅེས་རོང་བྲག་རྫོང་རྒུན་ཆང་སྤྱི་གཉེར་ཁང་ཞིག་གི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།

ཉེ་བའི་ལོ་ཤས་རིང་རོང་བྲག་རྫོང་གིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་མ་བསྐུལ་དང་ལེན་ངང་ལས་ཀ་བྱས་ཏེ་ཨ་རག་སྙོལ་བའི་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ལོ་གསུམ་ནང་རྨང་གཞི་འདིང་བ་དང་།ལོ་ལྔ་ལ་གཞི་ཁྱོན་ལྡན་པ།ལོ་བདུན་ནང་ཕན་འབྲས་ཐོན་པ་བཅས་ཀྱི་འབད་བརྩོན་བྱས་ཡོད། རྒུན་ཆང་ཐོན་ལས་འཕེལ་རྒྱས་གཏང་རྒྱུ་དེ་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དང་།གྲོང་སྡེ་གསར་པ་འཛུགས་སྐྲུན།ས་ཁོངས་ཡོངས་ཀྱི་ཡུལ་སྐོར་བཅས་དང་ཟུང་འབྲེལ་དམ་ཚགས་བྱེད་པ་དང་།གྲོང་ཁྱེར་དང་གྲོང་སྡེ་ཕྱོགས་བསྡུས་ཀྱིས་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ།ས་ཁོངས་དཔལ་འབྱོར་མཉམ་འགུལ་བཟང་པོ་ཡོང་བར་སྐུལ་འདེད་བཏང་།

ཉེ་བའི་ལོ་འགའི་རིང་།རོང་བྲག་རྫོང་གིས་རང་བྱུང་དང་།ས་ཁམས།ཁོར་ཡུགཐོན་ཁུངས།ཆ་རྐྱེན་བཅས་ལ་གཞི་བཙུགས་ནས་གྲོག་རོང་གཅིག་དང་།གྲོང་སྡེ་རེར་ཐོན་རྫས་སྣ་རེ། རོང་ཁུལ་གྱི་ཤིང་འབྲས་དང་སྔོ་ཚལ། མཐོ་སྒང་གི་ཕྱུགས་ལས་དང་སྨན་ལས་བཅས་ཀྱི་ཐོན་ལས་གསར་སྤེལ་གྱི་བསམ་གཞི་ལྟར། རྟེན་གཞི་འཛུགས་སྐྲུན་དང་། བྱེད་པོ་གསོ་སྐྱོང་།འདེགས་སྐྱོར་ཤུགས་ཆེན། ལས་སྣོན་ཞིབ་ཚགས།ཚོང་རྟགས་གྲགས་ཅན་བསྐྲུན་པ།ཚོང་ར་རྒྱ་བསྐྱེད་བཅས་ཀྱི་ལས་དོན་ཁག་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་ཞིང་། ཤིང་འབྲས་དང་།སུར་པན།སྨན་རྫས།སྔོ་ཚལ།ཤ་མོ།ཞོག་ཁོག། ཨ་རག། ཕག་པ་བཅས་གྲོག་རོང་ཆེན་པོ8ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དེང་རབས་ཞིང་ལས་འདེབས་འཛུགས་ལས་རིགས་དང་དེང་རབས་ཞིང་ལས་སྐམ་བཟོའི་ཟོག་འགྲེམས་ཀྱི་སྔོན་ཁྲིད་ཐོན་ལས་ཆེན་པོ་གཉིས་ཀྱི་འདེགས་སྐྱོར་བརྟན་དུ་བཏང་སྟེ་ཁྱད་ཆོས་མངོན་གསལ་དོད་པ་དང་།གྲུབ་ཆ་ལུགས་དང་མཐུན་པ།འབྲེལ་ཐག་ཆ་ཚང་བ་བཅས་ཀྱི་དེང་རབས་ཞིང་ལས་ཀྱི“8+2”ཐོན་ལས་མ་ལག་ཅིག་ཆགས་པར་བྱས་ཡོད།

དེ་དང་ཆབས་ཅིག་ཁྱད་ཆོས་ཤིང་འབྲས་དང་། སྐྱེ་ཁམས་གཡེར་མ། ཉེན་མེད་སྔོ་ཚལ། མི་བཟོས་ཤ་མོ། ཞོག་ཁོག། ཨ་རག་སྙོལ་བའི་རྒུན་འབྲུམ། རྒྱ་ལུགས་སྨན་བཅོས། བོད་ཕག་སོགས་ལེགས་ལྡན་ཐོན་ལས་འཕེལ་རྒྱས་གཏང་རྒྱུ་མཐའ་འཁྱོངས་བྱས་ནས་ཀུ་ཤུ་གཙོ་བོར་བྱེད་པའི་བསྐྱར་དར་ཐོན་ལས་དང་། གཡེར་མས་གཙོ་བོར་བྱེད་པའི་སྲོལ་རྒྱུན་ཐོན་ལས། དེ་བཞིན་རྒྱ་ལུགས་སྨན་གྱིས་གཙོ་བོར་བྱེད་པའི་གསོན་ཤུགས་ཐོན་ལས་བཅས་གཙོ་གནད་ཐོག་འཕེལ་རྒྱས་བཏང་སྟེ་སྤུས་ཚད་མཐོ་བའི་ཐོན་ལས་འཕེལ་རྒྱས་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།།




  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་བརྒྱད་ཟིལ་དང་ལྕགས་ཟམ་སོགས་སུ་བརྟག་ཞིབ་གནང་སྐབས་ནན་འགོག་བརྟན་སྲུང་བྱས་ནས་རིམས་ནད་འགོག་ཟོན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས་ཞེས་གསུངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།