ཁ་བ་ཟམ་ཟིམ་ཀློང་གི་དྲན་མགུར།

ལྡེའུ་ནག།        2021-11-10

འདང་མི་ཚེའི་ལོ་འདབ་ལྗོན་པ་དག།

རླུང་བསེར་བུས་སྤུར་ན་སྡུག་ཅིག་རེད།།

སེམས་ཨ་ཆེན་ཐང་གི་མར་ཤམ་ན།།

སྙིང་དམར་ཆུང་དམ་ལ་བཏགས་པའི་མི།།

དུས་དེང་སང་བསམས་ན་སྐྱོ་འོང་གི།

ཡང་དགོས་སུ་དོ་ཞག་ནང་ནུབ་ཏུ།།

ཡིད་བསམ་པས་དྲན་ན་མི་ཕོད་ཀི།

སྲོད་ཟླ་བའི་འོག་ནས་ཕར་ལ་བལྟས།།

གཏམ་ཚིག་གསུམ་ཅི་བཤད་དྲན་པ་རེད།།

འདི་སྙིང་གཏམ་དྲན་པའི་རླབས་རིས་ལ།།

འཇའ་ཁ་དོག་ཤར་བ་ཕར་ལ་ཞོགས།།

དགུན་གྲང་རླུང་ངར་མའི་སྤུ་གྲི་གཡུག།

ལས་འདི་ལ་ཟློག་ཐབས་ཡེ་མ་མཆིས།།

འདི་ཚེ་རབས་སྔ་མའི་སྟེས་དབང་ཞིག།

ཡང་མི་ཚེ་གཅིག་གི་འགྱུར་བ་རེད།།

མགུར་སྙན་མོའི་དཀྱིལ་ན་ཟླ་བ་ལྟར།།

ཡང་པདྨའི་ལང་ཚོ་ངོམས་པ་ཡི།།

སྙིང་དམར་ཆུང་གས་ཆག་ཧྲུག་གེ་རུ།།

ལན་མང་དུ་བཏང་བའི་སྙིང་ཐུབ་ལགས།།

ཞལ་འཛུམ་དཀར་སྤོས་ཤེལ་ཁ་དོག་ཉིད།།

དུས་རིང་དུ་མ་འགོར་ཚུར་ལ་འཁོར།།

དུས་ཇི་སྲིད་རིང་དུ་འདས་གྱུར་ན།།

ངས་ཚེ་རབས་གཅིག་གི་རླུང་རྟ་ཉིད།།

རི་མཐོན་པོའི་སྒང་ནས་སྤུར་ན་བསམ།།

ངའི་རྣམ་ཤེས་ཁེར་བུ་འཁྱམ་པོ་འདི།།

ད་ཕུགས་བསམ་བྲལ་བའི་ཕྱེ་ལེབ་བཞིན།།

གློག་དཀར་དམར་འཐབ་པའི་འཚོ་བ་རུ།།

ཆང་ཕོར་བ་འདེགས་བཞིན་ཆང་རྐྱལ་དུ།།

སྙིང་ཚིམ་པོའི་འཚོ་བ་རོལ་བར་བརྩམ།།

འདི་སེམས་ཉིད་ཅིག་གིས་མགུར་མ་རེད།།

འདི་དྲན་པ་ཞིག་གིས་ཆོ་འཕྲུལ་རེད།།

འདི་ལས་དབང་ཞིག་གི་སྔ་གཞུག་རེད།།



  • ལེ་ཚན་སྔོན་མ།:ཚིག་ལ་སྦྱར་བའི་སྣང་སེམས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།