གྱེས་ཁའི་སེམས་པ།

དུང་ཞེན་ཉི་མ།        2021-11-10

ཕེབས་ནི་ང་དང་མཉམ་དུ་ཕེབས་འདུག །

ངེད་གཉིས་ལྷན་དུ་འཛོམས་པའི་སྐབས་ལ།།

ཕན་ཚུན་དུང་བ་མིག་ལ་ཐོགས་ཡོད།།

ལྷད་མེད་བརྩེ་བ་ངག་ལ་འཁྱིལ་ཡོད།།

ད་ནི་ང་རང་བསྐྱུར་ནས་བུད་སོང་།།

ཁེར་རྐྱང་མི་ཚེ་ཆོད་ཐབས་མི་འདུག །

ལྷན་འཛོམས་ཟེར་ན་ཡིད་ནི་མ་ཚིམ།།

སེམས་པ་ཟེར་བ་སྙི་མོ་ཤ་རེད།།

ཚོར་བ་ཟེར་ན་རྣོ་བའི་མཚོན་རེད།།

དྲན་གདུང་ཟེར་བ་ཡུད་ཙམ་མ་རེད།།

མིག་ཆུ་ཟེར་ན་ཆུ་ཐིགས་ཨེ་རེད།།

འདས་སོང་ལོ་ཟླ་བརྩེ་བས་རུམ་ཡོད།།

ཞེན་ཆགས་འཁྱིལ་བའི་མི་ཚོགས་དག་ནི།།

འཁོར་བའི་ཐང་དུ་ལྷན་འཛོམས་གནང་བྱུང་།།

ཕན་ཚུན་དགའ་དད་འཛུམ་བརྒྱར་གྲོལ་སོང་།།

བཅོས་མིན་བརྩེ་འདང་ཟབ་མོའི་བར་ནས།།

ཡུད་ཙམ་འབྲལ་བའི་གདུང་བ་མི་ཁྱོག །

ཡུན་དུ་འགྲོགས་པའི་མཛའ་སེམས་མེ་ཏོག །

ཆགས་སྡང་སེམས་ཀྱི་མེ་ཁ་ཚ་ཡང་།།

གྱེས་ཁའི་རླུང་བུ་བསྟུད་མ་ལྡང་བྱུང་།།

ཕྱོགས་ཞེན་ལོ་ཟླའི་བར་གསེང་དག་ཏུ།།

ཞེ་སྣང་བཅོས་མའི་ཁ་དོག་མག་མོག །

ཚོར་འདུའི་རལ་གྲིའི་སོ་ཁ་ལྡིང་ཡོད།།

དགའ་དད་ལོ་མ་དུམ་བུར་གཏུབ་སོང་།།

གྱེས་བྲལ་འདི་ནི་རྟག་བརྟན་ཡིན་ནམ།།

རྫོགས་མེད་ནང་སེམས་སྨྲེང་བའི་དོ་ཞག །

རེ་བའི་ཉི་མ་འཆར་རྒྱུ་མ་བྱུང་།།

མག་མོག་འཚོ་བའི་གྲུ་ཟུར་འདི་ནས།།

ད་ནི་ང་རང་སྐྱོ་བས་བཟི་སོང་།།



  • ལེ་ཚན་སྔོན་མ།:རྭ་རྒྱའི་ཤྭ་འཆམ་སྐབས་བྲིས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།