སློབ་གྲྭའི་ཉེ་འཁོར་གྱི་བྱ་ཚོགས།

གཅན་གླག་མིག        2021-11-22

ནམ་རྒྱུན་ལོ་རེའི་ཟླ་བ་གསུམ་པ་དང་ཟླ་བ་དགུ་བ་ཐོན་དུས། སློབ་གྲྭའི་ཉེ་འཁོར་གྱི་བྱ་ཚོགས་རྣམས་མ་ཁོམ་པར་བསྡད་ཡོད། ཡིན་ནའང་ད་ཐེངས་སློབ་གྲྭ་མ་འཚོག་སྔོན་ལ་དེ་ཚོ་ཁྱུ་གཅིག་ཏུ་སློབ་གྲྭའི་ཁྱམས་རར་འཛོམས་བྱུང་བར་བསམ་གཞིགས་བྱས་ན། དེ་ཚོར་དོན་དག་གལ་ཆེན་ཞིག་ཡོད་པར་གདོན་མི་ཟ།

དེ་ཚོ་ལོ་ན་རྒན་གཞོན་ལྟར་ཤར་གྲལ་མགོ་དང་ནུབ་གྲལ་རྔ་བྱས་ནས་བསྡད་ཅིང་། ཚང་མས་ཕན་ཚུན་ལ་ཁམས་བདེ་དང་འཚམས་འདྲི་ཞུ་བཞིན་པ་འདྲ།

དེ་ནས་ཕུག་རོན་གྱིས་ད་ཡང་སློབ་གྲྭ་འཚོག་ལ་ཉེ། སྤྱིར་ན་ང་རང་ཚོར་རང་གི་བྱ་བ་དང་དགའ་ཕྱོགས་ཡོད་སྟབས། ཁྱོས་གན་བྱོས་དང་ངས་འདི་ལས་ཞེས་བཤད་ན། འདི་ཚོགས་ཀྱི་བྱ་རྣམས་མི་འཐད་ན་ཐང་། ཡིན་ནའང་ང་ཚོས་ཉི་མ་འཁྱོལ་ཐབས་དང་ལྟོ་བ་འགྲང་ཐབས་བྱས་ནས་བསྡད་ན། ང་ཚོས་བྱ་ཡི་ལུས་བླངས་པ་ཆུད་ཟོས་སུ་བཏང་བ་དང་ཁྱད་མེད། དེའི་ཕྱིར། དེ་རིང་ང་ཚོས་སློབ་གསོའི་ཐད་ནས་གྲོས་བྱ། ཚང་མས་རང་གི་བསམ་ཚུལ་བརྗོད་པར་འཚལ་ཞེས་བཤད།

ཁྭ་ཏས་འཐད་ལ་མི་འཐད་ཀྱི་སྒོ་ནས། མི་ཡི་དོན་དག་ང་ཚོ་དང་འབྲེལ་བ་མེད་མོད། ཡིན་གཅིག་མིན་གཉིས་བཤད་དགོས་ཟེར་ན། ངས་རྒྱུས་ལོན་པ་ལྟར་ན། འདི་གའི་སློབ་གྲྭའི་ནང་དུ་སྡིག་རྒན་ཏེ་སློབ་གསོའི་བྱ་བར་འབད་པ་མི་བྱེད་པ་དང་འགན་མི་ཁུར་བའི་དགེ་རྒན། མང་དྲགས་པས། སློབ་མ་རྣམས་ཀྱི་བསམ་བློ་དང་སློབ་སྦྱོང་གི་མཁའ་དབུགས་རྙོག་རེད། ང་ཚོས་གོང་རིམ་ལ་ཡར་ཞུ་བྱ་རན་འདུག་ཅེས་བཤད་ཞོར་དུ་སྐྱ་ཀ་ལ་བལྟས།

སྐྱ་ཀས་མིག་ཤེལ་བླངས་ནས་ཐང་ལ་འཇོག་ཞོར། མཆུ་ཏོ་འགུལ་ཙམ་བྱས་ཏེ། ས་འདིའི་མེས་པོའི་ལྷག་བསམ་ཟོལ་མེད་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་རྒྱབ་སྐྱོར་འོག སྡེ་བ་འདི་ནས་སློབ་གྲྭ་འཛུགས་ཐུབ་བྱུང་བ་ནི་དངོས་གནས་དགའ་འོས་པ་ཞིག་རེད། དེང་གི་དགེ་རྒན་རྣམས་ཀྱིས་ལས་འདི་བྱས་དང་དོན་འདི་འགྲུབ་ཀྱི་བྱས་རྗེས་བགྲང་རྒྱུ་ཁག་པོ་འདུག་མོད། མིག་རྒྱང་རིང་དུ་བསྲིངས་ཏེ་བསམ་བློ་བཞི་གསུམ་བཅུ་གཉིས་གཏང་དགོས་ཤིང་། བློ་རྒྱ་ཆེ་རུ་བསྐྱེད་ནས་རིག་པ་ཉི་ཤུ་རྩ་བཞི་བཀོལ་དགོས། དེ་མིན་ཐད་ཀར་དུ་གོང་རིམ་ལ་གཏུག་ན་མཁྲིས་ནད་ཅན་ལ་བཙོ་ཟན་བྱིན་པའི་དཔེ་རུ་འགྲོ་སྲིད་ཅེས་བཤད།

རྣམ་ཀུན་མ་རིག་མ་ཐོས་མ་ཤེས་པའི་རྣམ་ཐར་བསྐྱངས་ཏེ། སྐད་སྙན་མོ་དང་ངག་འཇམ་པོའི་བརྟུལ་ཞུགས་འཛིན་མཁན་གྱི་འཇོལ་མོས་བསམ་པར། ད་ནི་ཤིང་ཡར་སྐྱེས་ཀྱི་རྩད་བཅད་དེ་ཟོལ་བསྟོད་འུར་འུར་དང་། ཆུ་མར་འབབ་ཀྱི་མགོ་བསྙོགས་ནས་གཡོ་འཛུམ་ཤིག་ཤིག་བྱེད་པའི་རྣམ་པར་རྫོགས་ཚིག་འགོད་རན་འདུག་སྙམ་ཞིང་། རྔ་མོས་རྔེའུ་སྟོར་ནས་རྙེད་པ་ལྟ་བུའི་དགའ་བ་འབུམ་དང་བཅས་ཏེ། ལོ་ཟླ་འགྲོས་ཀྱིས་ཕྱིན་པ་དང་དུས་བཞི་རེས་ཀྱིས་འཁོར་བ་དང་བསྟུན། ས་ཆ་འདིའི་དགེ་རྒན་རྣམས་སློབ་མར་མི་དགའ་གཉིད་རྒྱུར་དགའ་བ་དང་། སློབ་ཁྲིད་ལ་མི་དགའ་རྩེད་འཇོར་དུང་བ། དཔེ་ཀློག་ལ་མི་དགའ་རྒྱན་འཇོག་ལ་སྤྲོ་བ་ཞིག་ཏུ་གྱུར་འདུག་གཤིས། སློབ་མ་བཤད་མ་དགོས་པ་རེད། ད་ནི་མིའི་སེམས་སུ་མི་འཇོག་ཅིང་ཟོག་གི་མིག་ནང་དུ་མེད་པའི་ཉམ་ཆུང་གི་རིགས་སུ་གྱུར་བའི་བྱ་རིགས་ང་ཚོས་ཀྱང་སྡེ་བ་འདིའི་མདུན་ལྗོངས་ཀྱི་སླད་དུ་བྱ་བ་ཕྲན་བུ་རེ་ཨེ་འགྲུབ་ལ་འབད་རྩོལ་བྱས་ན་ལེགས་ཅེས་བཤད་རྗེས། ཐམས་ཅད་ཧ་ལས་ཧང་སངས་ནས་རེ་ཞིག་གྲག་འགུལ་ཅི་ཡང་མེད་པར་ཁུ་སིམ་མེར་ལུས།

སྐབས་འདིར། མཆིལ་བས་ཁ་ནང་དུ་འབུ་ཞིག་བཟུང་ནས་སྐྱ་ཀའི་གམ་དུ་བབས། ཅུང་མིན་ན་སྐྱ་ཀའི་མིག་ཤེལ་ཐོག་ཏུ་བབས་པས། ཚང་མའི་བློ་ཁ་སྐྱ་ཀའི་མིག་ཤེལ་གྱི་ཕྱོགས་སུ་བསྒྱུར།

མཆིལ་བས་གཉའ་སྒུར་ནས་སྐྱ་ཀ་ལ་དགོངས་དག་ཞུས་རྗེས། སྡེ་བ་འདིའི་སློབ་གསོ་ལད་དུ་འཇུག་མཁན་ནི་དགེ་རྒན་ཁོ་ན་མིན་ཏེ། ཁྱིམ་བདག་རྣམས་ཀྱིས་རྟག་ཏུ་བྱིས་པས་སློབ་གྲྭ་ནས་སྡུག་མྱངས་སོང་ཟེར་ནས་ཁྱིམ་དུ་བརྙན་འཕྲིན་ལ་བལྟ་རུ་འཇུག་པ་དང་། རྩེད་ཆས་མང་པོ་ཉོ་བ། ཁྱིམ་གྱི་ལས་བྱ་ཡོད་མེད་སོགས་ལ་དོ་ཁུར་མི་བྱེད་པས། སློབ་གྲྭའི་སྒྲིག་ལམ་དམ་དྲགས་པ་དང་། ཁྱིམ་ནས་ངན་ལང་ལ་བཏང་དྲགས་པས། བྱིས་པ་རྣམས་དམིགས་ཡུལ་དང་ལངས་ཕྱོགས་མེད་པར་གྱུར་ཏེ་སློབ་གྲྭའི་སློབ་གསོ་ལ་གནོན་ཤུགས་བཟོས་པས་དེ་ལུགས་ཀྱང་ཧ་གོ་དགོས་ཞེས་བཤད།སྐྱ་ཀས་མགོ་བོ་ནང་ལ་འགུགས་བཞིན་དུ་སྨྲས་པ། ད་ནི་འུ་ཚོ་འདིར་འཛོམས་པར་སྙིང་བོ་མངོན་གསལ་དོད་པོ་འདུག། གཟའ་འཁོར་འདིའི་གཟའ་པ་སངས་ཉིན་སློབ་གྲྭ་འཚོག་རྒྱུ་རེད། གཤམ་དུ་ངས་ལས་བགོས་བྱ། འཐད་ན་མདུན་དུ་གོམ་གང་སྣུར་ཞེས་བཤད་མ་ཐག། ཚང་མས་མ་གྲོས་རང་མཐུན་གྱིས་ཁོས་བཤད་པ་ལྟར་བསྒྲུབས་པས། ཁོས་ལས་བགོས་བྱས།

སྐྱ་ཀས་སྨྲས་པ། ང་ནི་འཕྲིན་པ་ཡིན་པས། སློབ་གྲྭས་གོང་རིམ་གྱི་ཡིག་ཆ་དང་རེ་འདུན་ལག་བསྟར་བྱེད་མིན་ལ་བལྟས་ནས་གསལ་འདེབས་དང་སྐུལ་མ་བྱ། ཕུག་རོན་ནི་རྡོ་ཆོད་པའི་བརྩོན་སེམས་ཅན་དང་ཞི་བདེ་སྐྲུན་པའི་ཕོ་ཉ་ཡིན་པས། སློབ་གྲྭའི་འཆམ་མཐུན་དང་གད་སྙིགས་ལ་འགན་ཁུར་མཁན་གྱི་དགེ་རྒན་ལ་རོགས་བྱོས། འཇོམ་མོ་ནི་ཁ་བདེ་བ་དང་ངག་འཇམ་པ་སོགས་གསུང་སྐད་སྙན་མོའི་ནང་གི་སྙན་མོའི་རིགས་སུ་གཏོགས་པས། སློབ་གྲྭའི་ཕྱི་ནང་གསང་གསུམ་དང་། སློབ་མའི་འདས་མ་ད་གསུམ། སློབ་སྤྱི་དང་དགེ་རྒན་གང་དེ་མཁས་བཙུན་བཟང་གསུམ་དང་རྫུན་ངན་བཙོག་གསུམ་གང་ཡིན་གསལ་བོར་ངེས་རྗེས། ནུས་པ་ཅན་ལ་རོགས་འདེགས་དང་། བློ་སྤོབས་ཅན་ལ་སྐུལ་ལྕག། ལྷག་བསམ་ཅན་ལ་རྒྱབ་སྐྱོར་གྱི་གཏམ་མང་དུ་ཤོད། མཆིལ་བས་ཁྱིམ་ཚང་སོ་སོའི་ཁྱམས་རའི་ནང་གི་གྲོ་ནས་ཀྱི་སྙེ་མ་སོགས་འཐུ་ཞོར། ཁྱིམ་ཚང་སློབ་གསོ་ལ་རྒྱུས་མངའ་ཡོད་པར་བྱོས། ཁྭ་ཏས་དགེ་རྒན་རྣམས་ཀྱིས་ཤོ་རྒྱག་རྒྱན་འཇོག་དང་སྤྱི་རྫས་སྒེར་སྤྱོད་བྱེད་མིན། ད་དུང་སློབ་ཁྲིད་ལ་ནན་ཏན་བྱེད་མིན་ལ་ཞིབ་མོར་ལྟོས། ཁྱོད་ཀྱི་རང་གཤིས་རྩུབ་ཅིང་སྐད་གདངས་དྲག་པོ་ཡིན་སྟབས། སྟབས་མ་ལེགས་ན་ཉན་པ་པོའི་སེམས་ལ་སུན་སྣང་བཟོས་ནས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་སྲིད། གལ་ཏེ་ང་རང་ཚོས་ཇི་ལྟར་བྱས་ཀྱང་དགེ་རྒན་རྣམས"སྡིག་རྒན"ཏུ་གྱུར་པ་ཤ་སྟག་ཡིན་ཚེ། ང་ཚོས་ཀྱང་ཆེས་མཐའ་མཇུག་གི་ཐབས་ཏེ། ཁོ་རང་ཚོའི་རུལ་སུངས་དང་། སྒྱིད་ལུག ཕྲ་མ། ཕྲག་དོག་སོགས་ཀྱི་བྱས་ཉེས་ཡོད་ཚད་གསལ་བསྒྲགས་བྱས་ཆོག་ཅེས་བཤད།

ཚང་མས་འཐད་པའི་རྣམ་འགྱུར་སྟོན་ཞོར་རང་རང་གི་ཚང་དུ་ལོག་གོ།།

  • ལེ་ཚན་སྔོན་མ།:རྩོམ་རིག་གི་བསམ་བློ་སྤར་གང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།