དཀར་མཛེས་ཁུལ་གྱི་སྤྱི་བདེའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་པར་སྐུལ་འདེད་བཏང་།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-11-22

ཉིན་ཤས་རིང་། རང་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱི་དམངས་རོགས་ཉེན་རྟོག་པ་དང་ལས་བྱེད་ལས་བཟོ་བས་ལས་ཀའི་བར་གསེང་དུ་བརྙན་འཕྲིན་དང་རྩིས་འཕྲུལ། ལག་ཁྱེར་ཁ་པར་སོགས་སྤྱད་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་ནན་ཏན་བྱས་པ་རེད། ཚང་མས་གཅིག་རྗེས་གཉིས་མཐུད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་འབྲེལ་ནས་དེ་ཉིད་དཀར་མཛེས་ཁུལ་སྤྱི་བདེའི་ལས་དོན་ཁྲོད་ཀྱི་སྒུལ་ཤུགས་སུ་བསྒྱུར་ནས་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་སྐྲུན་པ་དང་།བསྒྱུར་བཅོས་ལ་བརྟེན་ནས་ཉེན་རྟོག་སྟོབས་ཆེར་གཏོང་བ།ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་དར་རྒྱས་གཏོང་བ།ཉེན་རྟོག་པར་དོ་དམ་ནན་པོ་བཅས་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོལ་བར་བྱས་ནས་ཏང་ལ་དཀའ་ངལ་སེལ་རོགས་དང་།རྒྱལ་ཁབ་ལ་འགན་འཁྲི་འཁུར་བ།དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་ཐོག་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ཡག་པོ་བསྒྲུབས་ཏེ་དཀར་མཛེས་ཁུལ་གྱི་སྤྱི་བདེའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་བཤད།

ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལི་ཆང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》དེ་ཏང་གི་ལོ་རྒྱུས་གྲོས་ཆོད་སྔོན་མ་གཉིས་དང་གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་འཕེལ་རྒྱས་ཀྱང་ཡིན་པས། དེ་ནི་ལོ་རྒྱུས་ཀྱི་རྟོལ་ཤུགས་དང་། བསམ་བློའི་སྣེ་ཁྲིད་ནུས་པ། ཆབ་སྲིད་ཀྱི་སྐུལ་སློང་ནུས་པ། དུས་རབས་ཀྱི་འབོད་སྐུལ་ནུས་པ་བཅས་ཆེས་ཆེར་ལྡན་པའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད། གྲོས་ཚོགས་ཐོག་ཕྱོགས་བསྡོམས་བྱས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་གིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་གསར་གཏོད་བྱེད་པའི་འབྱུང་འགྱུར་གྱི་ལས་འགན་ལ་དམིགས་པ་བརྩོན་ཤུགས་ལྷག་པར་འཕེལ། ཆབ་སྲིད་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མི་དམངས་ཀྱི་བདེ་འཇགས་འགན་སྲུང་བྱ་རྒྱུའི་འགན་འཁྲི་ཕྲག་ཏུ་འཁུར་བའི་བོད་འབྲེལ་ས་ཁུལ་གྱི་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཞིག་ཡིན་པའི་ཆ་ནས། བྱས་རྗེས་འབྲས་བུ་རང་ལ་མི་དགོས་པའི་བསམ་ཕྱོགས་དང་བྱས་རྗེས་འཇོག་པར་རང་ཉིད་ཡོད་པའི་འགན་འཁྲི་རྒྱུན་འཁྱོངས་བྱས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཤིང་། ལོ་བརྒྱའི་ལོ་རྒྱུས་ཁྲོད་ནས་འབད་འཐབ་ལྷོད་མེད་བྱེད་པའི་སྟོབས་ཤུགས་བསྡུ་ལེན་བྱས་ནས། གྲོས་ཚོགས་ཀྱི་སྙིང་དོན་དེ་དཀར་མཛེས་ཉེན་རྟོག་རུ་ཁག་ཏུ་རྩ་བ་ཚུགས་པར་སྐུལ་འདེད་བཏང་བ་དང་། དུས་སྐབས་དེ་དང་བསྟུན་ནས“123456”དཀར་མཛེས་ཁུལ་སྤྱི་བདེའི་དེང་རབས་ཉེན་དོན་མ་ལག་གསར་འཛུགས་བྱ་རྒྱུ་འཚོལ་ཞིབ་ཧུར་ཐག་བྱེད་པ་སྟེ། དེ་དག་ནི་དྲ་བ་གཅིག་དང་། འཛུགས་སྐྱོང་ཁག་གཉིས།ལྟེ་གནས་གསུམ།བཅོས་སྐྱོང་ཁག་བཞི།ནུས་པ་ལྔ།ཉེན་དོན་ཆེན་པོ་དྲུག་བཅས་ཡིན། དེ་དག་ལ་བརྟེན་ནས་བོད་འབྲེལ་ས་ཁུལ་གྱི་སྤྱི་བདེ་ལས་ཁུངས་རྩེ་གྲ་འཛུགས་པ་དང་བོད་འབྲེལ་ས་ཁུལ་གྱི་སྤྱི་བདེ་དཔུང་ཁག་རྩེ་གྲ་འཛུགས་པའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དེ་རང་འཁྲིའི་ལས་འགན་ལ་བརྩིས་ནས་རང་འགུལ་ཆེ་ཤོས་དང་དོན་གཉེར་ཐུབ་ཤོས། ཀུན་གྱི་མདུན་དུ་བསྐྱོད་པ་བཅས་ཀྱི་རྒྱུགས་ལེན་འགྲོ་བའི་ངང་ཚུལ་ཐོག་ནས་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་དམངས་རོགས་ཉེན་རྟོག་པའི་སྣེ་ཁྲིད་དེ་དུས་རབས་གསར་པར་རྒྱུགས་འབྲས་ཡག་པོ་ཞིག་ཕུལ་ནས་ངོ་གནོང་མི་དགོས་པའི་གངས་རིའི་ལྗོངས་ཀྱི་སྐུ་སྲུང་བ་བྱ་དགོས་ཞེས་བཤད་པ་རེད།

དར་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུའི་ཧྲུའུ་ཅི་ལི་ཧུང་ཧྲོང་གིས། གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་ཡག་པོ་དང་དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱ་རྒྱུ་ནི་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་དཔུང་ཁག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དོན་ཆེན་ཨང་དང་པོ་དེ་རེད། ད་སྔ་དང་སླད་ཕྱིན་དུས་སྐབས་རིང་དར་མདོ་གྲོང་ཁྱེར་སྤྱི་བདེ་ཁོངས་གཏོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གིས་སྤྱི་བདེའི་ལས་དོན་ལ་མགོ་ཁྲིད་གཙང་བཙན་དང་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྲོག་ཤིང་ལ་བློ་དཀར་སེམས་དཀར་དང་།སྲོག་ཤིང་ལ་བརྩི་བཀུར་ཞུ་བ།སྲོག་ཤིང་གི་རྗེས་སུ་འབྲངས་བ།སྲོག་ཤིང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས།བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་རྒྱུན་ཆད་མེད་པར་ཤུགས་བརྒྱག་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་།སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས། སྤྱི་བདེའི་གཞི་གྲངས་ཆེན་མོ་དེ་རིག་ནུས་ཅན་དུ་འཛུགས་སྐྲུན་བྱེད་པ་དང་བཀོལ་སྤྱོད་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། སྤྱི་བདེའི་དབང་ཆ་གཤམ་སྤྲོད་དང་དོ་དམ་གསར་གཏོད། ནུས་ལྡན་ཞབས་ཞུ་བཅས་ཀྱི་བསྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་བདེའི་གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་ཆེན་པོ་རྒྱག་པ་བཅས་བྱས་ནས་སྤྱི་བདེའི་ལས་དོན་དེང་རབས་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཏང་ཀྲུང་དབྱང་གི་ཐུགས་བློ་བདེ་པོ་དང་མི་དམངས་མང་ཚོགས་ཀྱི་བློ་ལ་བབ་པའི་བྱང་ཚད་མཐོ་བའི་དར་མདོའི་སྤྱི་བདེ་དམག་སྐྱེད་སྲིང་བྱ་དགོས་ཞེས་བཤད་པ་རེད།

ལི་མིང་དབྱང་གིས་བྲག་མགོ་རྫོང་སྤྱི་བདེ་ཅུས་ཀྱི་མཉམ་སྡེབ་དམག་འཐབ་ལྟེ་གནས་ཀྱི་ཀྲུའུ་རེན་དང་ཉེས་དོན་ལག་རྩལ་ཁང་གི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་བཞེས་ཡོད་པ་དང་། ཁོས་གྲོས་ཚོགས་ཀྱི་སྙིང་དོན་ལ་སློབ་སྦྱོང་བྱས་རྗེས་མྱོང་ཚོར་ཟབ་མོ་བྱུང་སྟེ། གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་ཆ་ནས། ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་ངེས་དགོས་པ་དང་། ལས་འགན་མི་བརྗེད་པ་དང་དུས་དང་རྣམ་པ་ཀུན་ཏུ་ཆེད་ལས་ཀྱི་ལས་འགན་བསྒྲུབ་པའི་བསམ་པ་དང་འགན་འཁྲི་འཁུར་བའི་བསམ་པ། ལྷག་པར་དུ་དུས་བབ་གསར་པའི་འོག་བོད་འབྲེལ་ས་ཁུལ་གྱི་ཉེས་དོན་ལག་རྩལ་གྱི་ད་ཡོད་གནས་ཚུལ་ལ་དམིགས་ཏེ་འབད་འཐབ་བྱེད་ཕོད་པ་དང་བློས་གཏོང་ཕོད་པ།གསར་གཏོད་བྱེད་ཕོད་པ་བཅས་བྱས་ནས་ལག་རྩལ་གསར་པ་དང་བྱ་ཐབས་གསར་པ་ཁྱོན་ཡོངས་ནས་སྤྱད་དེ་མཐོ་སྒང་གི་ཁྱད་ཆོས་དང་འཚམ་པའི་ཉེས་དོན་ལག་རྩལ་ཆ་ཚང་ཞིག་ཕྱོགས་སྡོམ་དང་འཚོལ་ཞིབ་བྱས་ནས། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་མཐའ་དག་ལ་རལ་གྲི་འཕྱར་ཏེ་ཡུལ་དེའི་མང་ཚོགས་ཀྱི་བདེ་སྐྱིད་དང་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱ་དགོས་ཞེས་བཤད་པ་རེད།

  • ལེ་ཚན་སྔོན་མ།:ཟླ་བ་དང་པོ་ནས10པའི་བར་ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞིའི་ལོ་ཧྲིལ་པོའི་དམིགས་འབེན་ཚད་བརྒལ་ངང་ལེགས་གྲུབ་བྱུང་།
  • ལེ་ཚན་རྗེས་མ།:སློབ་སྦྱོང་གི་འབྲས་བུ་དེ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་བསྒྱུར།
  • དོ་སྣང་ཆེ་བའི་རྩོམ།