ཐེག་དཀའ་བའི་བརྩེ་དུང་།

སྟག་རིག་འབྲུག་ཐར།        2021-11-19

བརྩེ་དུང་གི་མནར་གཅོད་དེའི་དབང་གིས།

ངས་ཁེར་རྐྱང་ཞེས་པའི་ཐ་སྙད་འདི་མི་འདེམ་རང་དབང་བྲལ།

ཕྱིར་དྲན་གྱི་ཡོལ་བ་ཕྱེ་ཐེངས་རེར།

ང་ལ་མིག་ཆུའི་ཕྲེང་ཐག་ལས་ཅི་ཡང་སྟོང་།

རྒྱུན་ལྡན་མིན་པའི་སེམས་ཁམས་འདི།

དེ་རིང་གི་གནམ་གཤིས་ལྟར་རྩུབ་ཤས་ཆེ་བ་ལ།

འགལ་རྐྱེན་གྱི་ཕྱི་ནང་བར་གསུམ་དུ།

སྔོ་ཡུག་ཡུག་གི་ནམ་མཁའ་ཞིག་ཇི་འདྲའི་མཁོ་ཨང་།

སྒྱུ་འཕྲུལ་དང་བསླུ་བྲིད་ཀྱི་འགྱུ་བ་རྒོད་པའི།

བརྩེ་དུང་གི་ཐོབ་ཤོར་བར་ནས།

ལམ་ཁ་གསར་བའི་གདམ་ག་གང་འགྲིག།

རེ་བཞག་དང་དྲན་གདུང་གི་ཟབ་ས་ནས།

མཇལ་འཛོམས་ཀྱི་སྐལ་བ་ནམ་ལྡན།

ཐེག་དཀའ་བའི་བརྩེ་དུང་གི་ལྗིད་ཤུགས་ཀྱིས།

གོམ་གང་མདུན་ལ་སྐྱོད་པའི་ཡིད་ཆེས་བྲལ།

རྙོག་འཛིང་སྐྱུར་ཁ་རྒོད་པའི་བརྩེ་དུང་གིས།

སྨྲ་བ་བཅད་ཅིང་ཟས་སྐོམ་གྱི་ཡི་ག་འཆུས།

བརྩེ་དུང་གྲང་ལྷགས་ཀྱིས་བཅུམས་པའི།

མི་འདོད་དགུན་གཞུང་རིང་མོ་འདི།

ཉིན་མཚན་ཕྲེང་བ་བརྒྱུས་པའི་རེ་སྒུག་གི་ཧྲག་བར་ནས།

ལྗང་མདོག་གི་དབྱར་ལྗོངས་ནམ་དུས་ཚེས་སམ།

  • ལེ་ཚན་སྔོན་མ།:སེམས་ཀྱི་ཕར་ཚུར།
  • ལེ་ཚན་རྗེས་མ།:ལས་ཀྱི་རྟ་ཕོ།