ཟློས་གར་བརྒྱ་དང་བརྒྱད།

སྦྲང་བུ།        2021-11-22

དབྱངས་ལ་བརྒྱུས་པའི་གཡུ་ཐོག་ཟམ་པ།།

ཚོར་བའི་མགུར་གྱིས་སྙན་དབྱངས་འཐེན་ཏེ།།

མཚམས་སྤྲིན་སེར་པོའི་གསེར་གྱི་གཤོག་པ།།

སྐྱིད་ཆུ་གཞུང་ལ་རྒྱུད་སྐུད་འཁྲུངས་ཡོད།།

སེམས་ཀྱི་གུར་ཁང་གཙང་བོའི་འགྲམ་ནས།།

འཕགས་མ་སྒྲོལ་མའི་བསྟོད་དབྱངས་འཐིམས་ཏེ།།

ཚིག་རྒྱན་སིལ་མའི་ཟློས་གར་ངོས་སུ།།

འདུ་འབྲལ་གཉིས་ཀྱི་ལས་དབང་མཐོང་འདུག།

བར་སྐོར་གླིང་གི་དབྱངས་ཀྱི་མཚོ་མོ།།

གདུང་བའི་སྣེ་ལ་ཐག་པ་སྦྲེལ་ཚེ།།

ཞལ་གྱིས་འཛུམ་པའི་སྨྲེང་བ་ཁུར་ཏེ།།

ཡིད་འགྱུ་བག་གི་སྒྱུ་འཕྲུལ་གསར་བ།།

གཡུ་ཐོག་མཁར་ནས་དལ་གྱིས་མཇལ་བྱུང་།།

ཁྱོད་ཉིད་པདྨའི་གདན་ལ་བཞུགས་འདུག།

མིག་གི་སྨྲེང་བ་ནུབ་མཐའི་ཕྱོགས་སུ།།

དྲན་སེམས་རླུང་བུ་དེ་རུ་ཞོགས་འདུག།།

སྐྱེ་བ་གཞུག་མའི་ལས་ཀྱི་ཨ་ལོང་།།

སྐྱོ་བའི་ན་བུན་འཁྲིས་སུ་མེད་ཀྱང་།།

དགའ་ལྡན་མཁར་དུ་སྙན་ངག་འབྲི་ཆོག།

སྤྲིན་པ་དེད་པའི་དམིགས་པ་སྲབ་མོ།།

བརྩེ་བའི་འོད་ལ་ནང་སེམས་ཆགས་པས།།

ལོ་གཞོན་ཅན་གྱི་ཨ་ཅག་པདྨ།།

ཆུ་སྐྱེས་པདྨའི་གདན་ལ་བཞུགས་ཏེ།།

ཞེན་ཆགས་གཉིས་སུ་རྟོག་པའི་སྣང་བ།།

བརྩེ་བའི་ཕྱག་ལ་ཡང་དུ་གོས་ཏེ།།

སྐྱེ་བ་གཞུག་མའི་ལས་སུ་བཏགས་ཆོག།

སྒྱུ་འཕྲུལ་བག་གི་རི་དྭགས་རྨས་མ།།

གདུང་བའི་ངག་ལ་མ་ཆགས་པ་རུ།།

ལྷ་སའི་ཕྱོགས་ཀྱི་གཡུ་ཆུང་སྒྲོལ་དཀར།།

སྐྱིད་ཆུའི་འགྲམ་གྱི་དྲན་པ་སྙི་མོ།།

སྒྱུ་འཕྲུལ་གར་གྱི་སྐོར་བྲོ་ཨེ་ཡིན།།

ཁྱོད་ལ་བསྐུར་པའི་གླུ་གཞས་ཨེ་ཡིན།།

ཚོར་བ་སྤུངས་པའི་འོད་ཀྱི་བུམ་པ།།

ལྷ་ལྡན་ཡུལ་གྱི་བདུད་རྩི་བབས་ཏེ།།

སྒྱུ་མའི་འོད་སྣང་མགུར་ལ་ལོས་ཆགས།།

ཀྱེ་མ་ལས་ཀྱི་མེ་ལོང་ནང་དུ།།

མ་རྙིང་ངག་གི་འོད་ཟེར་ཉག་མ།།

ཀྱུར་ཀྱུར་སྒྲ་ཡི་ལུས་ངག་བཀུགས་ཏེ།།

མཁའ་འགྲོ་མ་ཡི་གླུ་གར་སྟེང་དུ།།

གཙང་བོའི་གཞུང་གི་སྙིང་རྗེ་ལྷག་མ།།

དྲན་གདུང་འཚང་བའི་ང་ཡི་སེམས་སུ།།

རུལ་བ་མི་འདུག་ལས་ཀྱི་རྟ་ཕོ།།

སྒྱུ་མའི་ངག་གིས་མནར་བ་མ་ཡིན།།

མུན་པའི་གཡས་ཀྱི་གྲིབ་མ་ནག་རིལ།།

ང་ཡི་ཕྱོགས་སུ་སྟ་གོན་བྱས་ཏེ།།

ཆོ་འཕྲུལ་ངོས་ཀྱི་མུ་ཏིག་སྐོར་ཅིག།

བུ་མོའི་སྤེན་པའི་ལུས་ལ་བཏགས་འདུག།

ལས་ཀྱི་བུམ་པའི་བདུད་རྩི་ངོས་སུ།།

ལྷ་ལྡན་མི་ཡི་གཙུག་ཏུ་བཀུར་ཏེ།།

ཤམ་བྷ་ལ་ཡི་ཨུ་དུམ་ཝ་ར།།

ཕོ་བྲང་ནང་གི་འཛུམ་དཀར་ཅན་ལ།།

ལྷ་ལྡན་མཇལ་བའི་གོ་སྐབས་བཟུང་སྟེ།།

ཨུ་དུམ་ཝ་རའི་མཆོད་པ་བཤམས་འདུག།

སྐྱིད་ཆུའི་གཞུང་གི་ཆུ་བོའི་འགྲམ་ལ།།

ལས་ཀྱི་མེ་ཏོག་མགོ་བོ་འཁྱུག་སྟེ།།

མི་ཚོགས་མང་བའི་བར་སྐོར་གླིང་ལ།།

བུ་མོ་སྣང་གསལ་གཏམ་རྒྱུད་གླེང་འདུག།

འགྲོ་ཞོར་འདུག་ཞོར་གཏམ་གྱི་སྣེ་རུ།།

རྣ་བ་གཏད་དེ་དལ་གྱིས་སོང་ཚེ།།

ཟླ་བའི་སྲས་ཤིག་ཡུལ་ལ་བལྟམས་ཏེ།།

དབྱངས་ཅན་ངག་གི་པི་ཝང་སྤྲུལ་ཞིང་།།

རྒྱལ་ཁམས་བསྐོར་ཏེ་ལོག་ཕེབས་གནང་འདུག།

ངང་ཚུལ་གཅིག་གི་ང་ཡི་ཕྱི་ནང་།།

དེ་ལ་ཐོགས་ཏེ་བར་སྐོར་ཕྱི་ནང་།།

ལྷ་སའི་ཕྱོགས་ཀྱི་ཟླ་བ་བསྒོམས་ཏེ།།

ཡིག་འབྲུ་སྐོར་ཅིག་ཕོ་བྲང་དཀྱིལ་དུ།།

མཆོད་པའི་ལྷ་མོའི་རྣམ་པར་སྤྲུལ་ཡོད།།

སྤེན་པ་གླེང་བའི་ལྷ་སའི་རྨོ་ལགས།།

བརྩེ་བའི་ངག་ལ་རི་དྭགས་བཤར་ཏེ།།

མེ་ཏོག་པདྨའི་མདངས་ཀྱིས་ཚོས་ཏེ།།

རྟོག་འགྱུ་འཁྲི་ཤིང་ངག་ལ་དཔར་འདུག།

བུ་མོ་སྤེན་པའི་རང་གཤིས་མཚར་བོ།།

སེམས་ཀྱིས་བསེད་དེ་བར་སྐོར་གླིང་དུ།།

སྣང་བ་དགུ་འགྱུར་རླུང་ལ་བསྐུར་ཞིང་།།

རི་བོའི་ཟོམ་གྱི་ཉི་ཟེར་ཉག་མ།།

གཉོམ་པོའི་ལས་སུ་དལ་བ་འགུལ་ཏེ།།

འབྱུང་བཞི་འཁྲུགས་པའི་ནད་དེ་ལོས་ཡིན།།

སྣང་བའི་ཁམས་སུ་རྟ་ཕོ་བཞོན་པའི།།

སྙན་པའི་གདངས་ལ་རྟོག་པ་མངལ་ཞིང་།།

མཚོ་མོའི་གཏིང་གི་སེམས་པ་བསྙལ་ཏེ།།

གཤོག་དྲུག་ཅན་གྱི་སེམས་པའི་གམ་ལ།།

གཏམ་གྱི་འདུན་མ་མཚར་དུ་མངའ་ཞིང་།།

ཝ་ལེ་བློ་ལ་རྣམ་སྨིན་ལྕི་བས།།

མཚན་ནམ་རིང་མོའི་ཁྱོད་ཉིད་ཟེར་བ།།

རྨི་ལམ་གྲོང་དུ་རྨིས་པ་ག་ཚོད།།

གདུང་བའི་སྣེ་ལ་མཚན་མོ་བྲིས་ཏེ།།

ཆུ་སྟོད་ཟླ་བའི་མཚན་མོ་བྲིས་ཡོད།།

ཟླ་བའི་དབྱིབས་ཀྱིས་སེམས་པ་བསླུས་ཤིང་།།

མག་མོག་འོད་ཀྱི་གུར་ཁང་ཆུང་ངུ།།

ད་ཞག་ཅིག་ལ་འཚོ་བའི་ཆ་ཙམ།།

ཁྱོད་ཉིད་གྲོང་གི་འཚོ་བའི་གཡང་ཡིན།།

ལས་དེ་བྲིས་ཏེ་ཚོན་མདངས་བྱུག་འདུག།

ལས་དེའི་མཐའི་རུ་རྟགས་བརྒྱད་ཚང་འདུག།

ཞེ་རུ་བཏབ་པའི་མགུར་གྱི་པོ་ཏི།།

འཚོ་བའི་ཀློང་གི་ངལ་དུབ་མཚོན་ཞིང་།།

སྐྱོ་བའི་ངག་ལས་བཏུས་པ་ཡིན་ཞིང་།།

ཐམས་ཅད་བཟུང་བའི་ལས་ཀྱི་ཨ་ལོང་།།

ཁྱོད་ལས་སུ་སྟེ་ཨུ་དུམ་ཝ་ར།།

དོ་ནུབ་ཅིག་ལ་ཟླ་འོད་ཕོག་སྟེ།།

ཚིན་རྒྱན་གྲོང་གི་བུ་མོའི་ངག་ཅིག།

སྙུག་རྩེ་ཟོམ་གྱི་རྣམ་ཤེས་ཕྲ་མོ།།

ཁྱོད་ལ་བསྐུར་བའི་དབྱངས་ཀྱི་ཟམ་པ།།

བར་སྐོར་གླིང་གི་མགུར་གྱི་མེ་ཏོག།

གཟུགས་འགྱུར་ཅན་གྱི་ལས་ཤིག་སྤྲུལ་ཏེ།།

ཡི་གེའི་ཚལ་དུ་རྟོག་པ་བཅོལ་འདུག།

སྒྱུ་འཕྲུལ་གསར་མའི་དབྱངས་ཀྱི་ལག་པས།།

སེམས་ཀྱི་རི་དྭགས་གཡང་ལ་བསྐོར་ཡོད།།


  • ལེ་ཚན་སྔོན་མ།:དྲུག་སྡེ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།