ཉི་རྒས་གྲིབ་མས་གཙེས་པའི་སེམས་འགྱུ།

གཞི་ཚང་ཟླ་བ་གྲགས་པ།        2021-12-03

ཕྱི་རོལ་འདབ་ཆགས་ཚང་དུ་ཡིབ་པའི་དུས།།

རོལ་དབྱངས་སྙན་མོ་སེམས་ཀྱི་གཏིང་ལ་སིམ།།

ཉི་རྒས་འོད་ཟེར་གདོང་ལ་འཕྲོས་པ་ཡིས།།

སྙིང་ལ་དམར་བའི་བྱེའུ་ཆུང་ཤ་ཁས་མཐོང་།།

མཚན་ལྗོངས་བོར་བའི་ནམ་ཟླ་དབྱར་གཞུང་དུ།།

ཞལ་ལ་ཚེམས་ཕྲེང་དགོད་པའི་བྱིས་པ་འགའ།།

འཇིག་རྟེན་མཁོ་བཅུ་མིག་གིས་མ་ཟིན་པར།།

བག་ཡངས་རྩེད་དགོད་བྱེད་པ་སྙིང་དུ་སྡུག།

གནམ་གྱི་སྐར་མ་ལག་པས་བཟུང་ནས་རྩེ།།

ས་འོག་གསེར་དག་རྡོག་པས་བརྫིས་ཏེ་ཉལ།།

འདི་ནས་མི་དབང་པ་ཀུན་ལྷུན་གྲུབ་པའི།།

གདན་ཆུང་གང་ལ་རྟག་ཏུ་འདུག་སྙིང་འདོད།།

ཉེ་བ་སྨིན་མའི་གྲངས་ཚད་མི་དཔོག་ཅིང་།།

འདོད་པ་ཅོག་ཀུན་ཐོབ་པའི་དུས་མ་མཆིས།།

ཚེ་རབས་འགྲོགས་ཀྱང་བྱམས་བརྩེ་མི་འཁྲི་པའི།།

ཉམ་ངའི་མཚོ་ལས་ཕྱིར་ལྡོག་བྱེད་འདོད་སྐྱེས།།

གཙང་བོ་བཞུར་བའི་སྒྲ་ལ་མཉན་ཞོར་དུ།།

སེམས་ཀྱི་ཟླ་གཞོན་ལག་པས་འཛིན་འདོད་ཀྱང་།།

ཆུ་ཟླའི་གཟུགས་བརྙན་ཡང་ཡང་བསྙབས་པ་ཡིས།།

ཁོག་པའི་དབུགས་དག་ཕྱི་རུ་དབྱུང་ཐབས་བྲལ།།

ཚེ་སྲོག་ཆུ་བོ་སྐད་ཅིག་མི་འདུག་ཅིང་།།

ཉིན་བཞིན་འཆི་བའི་རྒྱ་མཚོར་བང་གིས་རྒྱུག།

སེམས་ཀྱི་གང་དག་བསྐྱུར་ཏེ་རྒྱུས་མེད་ཀྱི།།

བྱིས་སུ་བགྲོད་པར་ཡིད་ཅན་སུ་ཡང་སྐྱོ།།

བག་ཙམ་འདུར་ཡང་དབུགས་ཀྱི་རྒྱུ་བ་འཚངས།།

སྔར་ཞིག་འགྲུབ་ཀྱང་ད་སྐབས་ནུས་མ་ཡིན།།

སྒེག་པའི་ལང་ཚོ་ཉམས་ཤིང་འཛད་དོགས་ཀྱིས།།

རིམ་གྱིས་རྒ་འདི་བརྣག་དཀའི་གནས་སུ་འདུག།

ལུང་གཤོང་འདི་ནས་ཕར་ཕར་ཕྱིན་པའི་དུས།།

བདག་ཉིད་ཚེར་མའི་སྒྲོམ་དུ་ཚུད་ཉམས་སྐྱེ།།

ཤིན་ཏུ་མི་སྡུག་གཟུགས་སྒྲ་དྲི་རོ་ཡིས།།

དམྱལ་བ་ལས་ཀྱང་འཇིགས་པའི་གཏམ་རྒྱུད་འཆད།།

མི་འདོད་སྨུག་པས་བཟུང་བའི་གཡང་རོང་ནས།།

ཉི་ཟླའི་རྒྱལ་ཁམས་འགྲིམ་པའི་དབང་མེད་ཀྱང་།།

སེམས་ཀྱི་སྤང་ཐང་མནོ་བཞིན་ཞག་སྒྲོན་གྱིས།།

རང་འདེམས་ལམ་ཕྲན་གསལ་ན་ཞེ་བློ་བདེ།།


  • ལེ་ཚན་སྔོན་མ།:སེམས་པ་ཕར་འགྲོ།
  • ལེ་ཚན་རྗེས་མ།:རྡུལ་ཕྲན་མཁར།