ཀུ་མ་རཱིའི་འཁྲུངས་སྐར་ལ་བཏེགས་པའི་ནས་ཆང་ཕོར་གང་།

གོ་ཁྲབ་ཉི་མ།        2021-12-01

ཉམ་ཐག་བྱང་ཆུབ་ལམ་དུ་དཀྲི་བའི་ཆེད། །

རིགས་དྲུག་ཀུན་ཏུ་མ་ངེས་སྤྲུལ་པའི་གར། །

དབྱངས་ཅན་ལྷ་མོ་ངག་གི་དཔལ་གཏེར་མ། །

འབྲལ་མེད་བྱིས་པའི་སྨྱུག་ཁ་འཚོ་བར་མཛོད། །

དབྱངས་ཀྱི་རྒྱུད་མང་སོར་མོའི་རྩལ་ལ་བརྟེན། །

དབྱངས་གསལ་སོ་བཞི་སྨྱུ་གུའི་ངག་ལ་བརྟེན། །

དབྱངས་ཀྱི་ཕ་རོལ་ཕྱིན་པའི་བདག་མོ་སྟེ། །

དབྱངས་ཅན་མ་དང་དབྱེར་མེད་དེ་ལ་བསྟོད། །

སྤངས་རྟོགས་མཐར་ཕྱིན་སྨྲ་བའི་ལྷ་མོ་དང་། །

སྲོག་གི་སྙིང་པོར་གྲུབ་པའི་མ་ཎི་གཉིས། །

ངོ་བོ་གཅིག་ལ་ཟློག་པ་ཐ་དད་ཙམ། །

སྙན་དངགས་སྨྲ་བའི་ངག་གི་རམ་འདེགས་ཉིད། །

ཟླ་བ་བཞི་པ་མེ་ཏོག་འབུས་པའི་ཁྲོད། །

བཅུ་དགུ་ཉི་མའི་འོད་ཟེར་འཕྲོས་པའི་ལྷན། །

བྷོ་ཊའི་ལྟེ་བ་ནོར་བུ་གླིང་ག་རུ། །

ཨེ་མ་སྙིང་སྡུག་རྨ་བྱ་འཁྲུངས་སོ་སྐད། །

མ་ལོ་དབྱངས་གསལ་སོ་བཞིའི་རུམ་ནང་ནས། །

རང་སེམས་སྙིང་གི་ཚིལ་ལུ་དགྱེས་པའི་ཆེད། །

རང་གི་སེམས་སུ་འཇགས་པའི་ཐ་སྙད་འགའ། །

ལེགས་སྐྱེས་དོད་དུ་ཅུང་ཟད་བསྒྲིག་པར་བྱ། །

ཐོག་མཐའ་བར་གྱི་མཐུན་པའི་རོལ་མོ་བསྒྲིག །

ལས་དབང་ཞིག་གི་གྲིབ་གཟུགས་དུད་པ་བསྒྲིག །

རྨི་ལམ་ནང་གི་དངོས་བྱུང་འགའ་ཞིག་བསྒྲིག །

དུང་བའི་ཞེན་ཆགས་ཁོ་མོར་རྒོད་སྟངས་བསྒྲིག །

རི་ཆུས་བཅད་པའི་བར་ཐག་རིང་གི་བསམ། །

གཏན་གྱི་འདུ་མ་གཡུག་གཡུག་མ་གནང་ཞིང་། །

ཚོགས་དྲུག་རྟ་རྒོད་ཤོར་བའི་རྣམ་མང་ཆོས། །

སྒྲོན་མེ་བཞིན་དུ་གསལ་བ་ཁོ་མོ་ལགས། །

མི་བཟོད་སྤྲིན་པའི་མིག་ཆུ་བཞུར་བའི་ཁྲོད། །

ང་ནི་གཤོག་པ་བརླན་པའི་སྦྲང་བུ་བཞིན། །

ཁོ་མོའི་ཕྱོགས་སུ་ག་ལེ་ག་ལེར་ནུད། །

དུང་བ་སེམས་ཀྱི་དྲན་གདུང་སུ་ཡིས་འགོག །

འཇིག་རྟེན་འཁོར་བའི་གཞིས་ཀ་ཟང་ཟིང་ནས། །

བསླུ་བྲིད་ཉམས་ཀྱིས་ཨུ་ཚུགས་བཙན་ན་ཡང་། །

དུང་སེམས་མེ་ཏོག་ཁྱེད་ལས་མ་ཕུལ་བའི། །

དམར་པོ་སྙིང་གི་ཚིལ་ལུའི་འཁྲུངས་སྐར་བསུ། །

གངས་ཀྱི་ཡུལ་ལ་ཁ་བའི་མེ་ཏོག་བཞིན། །

གངས་དཀར་ཨ་མའི་པང་དུ་ལྷོད་པོར་བཞད། །

འདབ་ལོ་མཛེས་པ་ཡིད་ཀྱི་ངོས་སུ་བརྐོས། །

དམར་པོ་སྙིང་གི་ཚིལ་ལུའི་འཁྲུངས་སྐར་བསུ། །

སྲིད་པ་ས་འཛིན་དཀར་པོའི་དབུ་རྩེ་ནས། །

ལྷབ་ལྷུབ་གཡོ་བའི་སྤྲིན་པའི་དར་ལྕེ་དེ། །

ཁོ་བོས་བཅང་བའི་རྣམ་དག་བརྩེ་དུང་གིས། །

ཁྱེད་ཀྱི་ཁ་ལས་རླུང་རྟ་བསྟོད་ཚུལ་ཡིན། །

སྙན་པའི་རྒྱུད་སྐུད་སོར་རྩེས་ཤིག་ཤིག་བསྒུལ། །

བལྟས་པས་མི་ངོམ་མཛེས་པའི་ཡང་སྙིང་ཀུན། །

གཅིག་ཏུ་བསྡུས་པའི་སྨྲ་བའི་ལྷ་མོ་སྟེ། །

དམར་པོ་སྙིང་གི་ཚིལ་ལུའི་འཁྲུངས་སྐར་བསུ། །

གཡང་དཀར་འབྲི་མོ་ངུར་བའི་ལྷས་འདབས་ནས།།

སྦྲང་དཀར་རྩམ་པའི་དྲི་ངད་འཕྱུར་བའི་མཐུས། །

བཅུ་དྲུག་ལང་ཚོ་རྫོགས་པའི་རིགས་བཟང་མ། །

དམར་པོ་སྙིང་གི་ཚིལ་ལུའི་འཁྲུངས་སྐར་བསུ། །

དགེ་བཅུའི་སྟོབས་འབར་ཁ་བའི་རྒྱལ་ཁམས་ཀྱི། །

གངས་རྫ་འདྲེས་པའི་རི་བོའི་ལྟོ་བ་ནས། །

ལྷུང་ལྷུང་འབབ་པའི་གཙང་ཆུ་དྭངས་མ་ཀུན། །

ང་རང་ཁྱེད་ལ་འཁྲེང་བའི་བདེན་པ་ཡིན། །

ནམ་མཁའི་ཀློང་ནས་རྩེན་པའི་འོད་ཕུང་དེ། །

དུས་གསུམ་མུན་པ་སེལ་པའི་ཉི་ཟླ་གྱུར། །

ཉི་ཟླའི་བཞིན་ལ་བརྩེ་བའི་འཛུམ་མདངས་འཁྱིལ།།

དེ་ཉིད་ཁོ་བོའི་ཚེ་ཡི་བསོད་ནམས་གྲུབ། །

མི་འགྲན་གདོད་མའི་དཔྱིད་ཀྱི་དཔལ་ཡོན་དང་།།

སྐབས་གསུམ་ལྷ་ཡི་དོན་དམ་ཡང་དག་སོགས། །

རིགས་དྲུག་སྐྱེད་མོའི་ལེགས་པའི་ཕུན་ཚོགས་ཀུན།།

ང་རང་ཁྱེད་ལ་དགའ་བའི་ལེགས་སྐྱེས་ཡིན། །

དགའ་བ་ས་རུ་བཞག་ན་ཆོག་ཐབས་བྲལ། །

དགའ་ཚུལ་གྲངས་ཀྱིས་བགྲང་ན་ཕ་མཐའ་ཡས། །

དགའ་བ་འཇིག་རྟེན་ཁམས་སུ་མ་ཤོང་ཡང་། །

དགའ་བ་སེམས་སུ་ཚུད་པ་ཅིས་མི་མཚར། །

ངོ་བོ་ཀ་དག་ཆོས་དབྱིངས་ཀློང་ཡངས་ནས། །

སྒྲིབ་གཉིས་སྤྲིན་བྲལ་ཟླ་གཞོན་རབ་གསལ་བའི། །

སྭ་རཱ་སྭ་སྟི་རྒྱལ་ཡུམ་ཕར་ཕྱིན་མ། །

ཆུ་འཛིན་དཀར་པོའི་གློག་ཕྲེང་དྲ་བ་ཅན། །

ཤེས་རབ་འོད་པོས་འཇིག་རྟེན་མུན་ཀུན་བཅོམ། །

མཐོང་བས་མི་ངོམ་ཡིད་འཕྲོག་ཀེ་ས་ར། །

མི་ཞུམ་ཚངས་པའི་སྙིམ་པ་འཇོམས་མཛད་པའི། །

མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ། །

ཡིད་འོང་དཔལ་སྟུག་ནགས་ཀྱི་གྲོང་ཁྱེར་ནས། །

འདོད་པའི་ཏཱ་ལ་སྟོང་གིས་མི་འགྲན་ཞིང་། །

ཚངས་དབྱངས་ལྷ་མོ་འགྲོ་བའི་མ་མ་ཆེ། །

དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན། །

དཔག་ཡས་ལྷོ་ཕྱོགས་ཆུ་སྲིན་གྲོང་ཁྱེར་གྱི། །

རླབས་ཕྲེང་གར་ལ་རྩེན་པའི་སྒྱུ་འཕྲུལ་གྱིས། །

འཇིཊ་བརྒྱད་གཡུལ་ནས་སྐྱབས་མཛད་ཚངས་སྲས་མ།།

རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན། །

དུས་གསུམ་བདེ་བཤེགས་ཀུན་ཀྱི་གསུང་གི་མཚོ། །

མི་འཛག་གཅིག་རྫོགས་ངག་དབང་དབྱངས་ཅན་མ།།

འགྲོ་ལ་ཤེས་རབ་དྲག་ཆར་བསྙིལ་མཛད་པ། །

པདྨའི་བཞིན་ལ་གཡོ་ལྡན་བོང་བའི་མིག །

ཉ་གང་ཟླ་བའི་གདན་ལ་སྐྱིལ་ཀྲུང་གིས། །

ཁ་དོག་སྣ་ལྔའི་རང་བྱུང་འཇའ་གུར་ཕུབ། །

རིན་ཆེན་སྣ་ཚོགས་རྒྱན་གྱིས་སྐུ་སྤྲས་པའི། །

མཐོན་མཐིང་རལ་པའི་རྩེ་ན་འོད་དཀར་ཅན། །

འཕྲོག་བྱེད་གཞོན་ནུའི་རྒྱབ་ཡོལ་འོད་སྟོང་འཕྲོ། །

རྒྱུད་སྐུད་འབུམ་ལྡན་པི་ཝང་ཕྱག་ཏུ་བསྣམས། །

སྲིད་པའི་འགྲོ་བར་སྙིང་རྗེས་སྤྱན་རས་གཟིགས། །

རོལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མ། །

སྙིང་སྡུག་རྨ་བྱ་མཛེས་པའི་གར་ལ་རོལ། །

ཀ་ལ་པིང་ཀས་རྒྱུད་དྲུག་རོལ་མོ་འཁྲོལ། །

ལྟ་ན་སྡུག་པའི་ལྷ་ཡི་སྐྱེད་ཚལ་ནས། །

ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ། །

སྐུ་ཡི་བཀོད་པ་བརྒྱད་གཉིས་ལང་ཚོ་རྫོགས། །

གསུང་གི་ཆོས་སྒྲ་འཇིག་རྟེན་ཡོངས་ལ་ཁྱབ། །

རིན་ཆེན་ནོར་གྱིས་རྒྱན་ཆ་སྣ་ཚོགས་འཚུབ། །

རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །

ཤེལ་དཀར་སྨྱོས་བུམ་བྲང་ནས་ལང་ལིང་གཡོ། །

འཕྲོག་བྱེད་བཞིན་རས་ར་ཡིག་གཉིས་པས་བརྒྱན། །

བྱུ་རུའི་ཞལ་ལ་དུང་གི་ཚེམས་ཕྲེང་འཁོར། །

མིག་གིས་བལྟ་བས་མི་ངོམ་ཡིད་འཕྲོག་མ། །

དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་ཀྱིས།།

སྐྱེ་འགྲོ་རྨོངས་པའི་གཉིད་ལས་རིང་དུ་དཀྲོགས། །

གང་ལ་གང་འདོད་དེ་ལ་དེ་སྟོན་པའི། །

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །

པདྨའི་དཀྱིལ་ན་པདྨའི་སྙིང་པོ་བཞིན། །

དུས་གསུམ་གཡོ་མེད་བཅོམ་ལྡན་ཚངས་སྲས་མ། །

སྙན་ངག་སྨྲ་ལ་ངལ་མེད་ལྗགས་མངའ་བའི། །

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་ཤོག །

ནག་སྣུམ་སྐྲ་ལོ་བསིལ་འཇམ་རླུང་གིས་སྤུད། །

ཕྱག་སོར་རྩེ་ནས་ཟབ་མོའི་ཆོས་དབྱངས་སྒྲོག །

མ་ལུས་མཛེས་པའི་སྙིང་པོ་བསྡུས་པའི་ཁྱིམ། །

སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས། །

དཔག་མེད་བསྐལ་བཟང་སྟོང་གི་འཇིག་རྟེན་ནས།།

དུས་གསུམ་རྒྱལ་བ་ཀུན་ཀྱི་སྙན་པའི་གསུང་། །

དབྱེར་མེད་ངོ་བོ་གཅིག་པའི་མཐུ་སྟོབས་ཀྱིས། །

ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན།།

ཇི་ལྟ་ཇི་སྙེད་གཟིགས་པའི་སྤྱན་ཐོབ་ཅིང་། །

རྣམ་པ་མི་རྟོག་ཀུན་མཁྱེན་ཡེ་ཤེས་ཀྱི། །

བརྩེ་བའི་འོད་ཀྱིས་འགྲོ་ཁམས་དཀྲུགས་པའི་ཐུགས།།

ཟབ་ཡངས་རྒྱ་མཚོའི་འཇིངས་ལྟར་དཔག་དཀའ་བ།།

སྐྱོན་གྱིས་མ་གོས་ཤེལ་དཀར་ལྷུན་པོའི་སྐུ། །

དུས་གསུམ་འགག་མེད་ཆོས་སྒྲ་ཚངས་པའི་གསུང་།།

ནམ་མཁའི་ཁྱོན་ལ་འགྲན་པའི་རྒྱ་ཆེན་ཐུགས། །

ངག་དབང་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད། །

  • ལེ་ཚན་སྔོན་མ།:གྲིབ་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།