གྲིབ་མ།

བྲན།        2021-12-01

མུན་པའི་ནང་གི །

འུག་པ་ཁེར་འགྲོ། །

དགུང་གི་ཟླ་བར། །

སྐྲག་པ་མི་སྲིད། །

ཞལ་པར་གཅིག་གི །

སྐུད་སྣེ་དེ་ཡང་། །

ལས་ཀྱིས་སྦྲེལ་བའི། །

བརྡ་རྟགས་ཤིག་རེད། །

ཡོད་ཡོད་འདྲ་ལ། །

མེད་མེད་འདྲ་བའི། །

རང་གི་གྲིབ་མ། །

མདུན་དང་རྒྱབ་ན། །

སྙིང་ནས་ཉེ་བ། །

རང་གི་གྲིབ་མ། །

ཕར་ལ་སོང་ན། །

རྗེས་སུ་རྒྱུགས་ཡོང་། །

སུན་རྒྱུ་མེད་པ། །

གྲིབ་མ་ཉིད་དེ། །

ཉིན་མཚན་རྟག་ཏུ། །

འབྲལ་པར་མི་ཕོད། །

དགུང་གི་ཉི་མས། །

ཅི་ཙམ་གདུངས་ན། །

སྨྲ་བ་མེད་པར། །

རྡོ་ལྟར་འདུག་གོ །

སེམས་པ་སྐྱོ་སྟེ། །

ཡང་ཡང་ངུས་ཀྱང་། །

གྲིབ་མ་ཉིད་ནི། །

དགའ་སྐྱོས་དབེན་འདུག །

སྣང་བའི་རི་མོ། །

ཆུ་ལ་བྲིས་ན། །

ཆུ་ཡི་ཟེགས་མས། །

ཡང་ཡང་བསུབ་འགྲོ །

རང་གི་ཡིད་ནི། །

རང་གིས་བྱས་པས། །

འོ་ཆུ་ཇི་བཞིན། །

སེམས་རྒྱུད་འདྲེས་ཤོག །

རྡོ་དང་ཆུ་བཞིན། །

སོ་སོར་གྱེས་ན། །

གྲིབ་མ་ཇི་བཞིན། །

ཀུན་གྱིས་སྟོང་འགྲོ། །

རང་ལམ་བོར་བ། །

གྲིབ་མས་མི་ཚོར། །

ལུས་དང་གྲིབ་མ། །

དཀར་ནག་རྡེ་འུ། །

ལམ་དེ་དཀར་ནག །

གྲིབ་མས་མཚོན་ན། །

ཉིན་དང་མཚན་གྱི། །

དགེ་སྡིག་མི་ཤེས། །

གྲིབ་མས་རང་གི །

གྲིབ་མ་དེད་དེ། །

རྒྱ་མཚོ་ཆེན་པོའི། །

ཁ་རུ་ཐོན་སོང་། །

རྒྱ་མཚོ་ཁ་ཡི། །

སྒྱུ་མའི་རྟ་གླང་། །

གང་གི་སྒོ་ཕྱུག །

མིན་ལས་ཆེ་ཨང་། །

ཡིད་ཀྱི་འཁྲུལ་བ། །

མཚན་མོའི་རྨི་ལམ། །

ཐེངས་གཅིག་རྨིས་པའི། །

རྗེས་ཤུལ་ཙམ་རེད། །

མི་ཚེ་ཐུང་ཐུང་། །

གློག་གི་རླབས་ཕྲེང་། །

རྒྱུ་བ་གཅིག་གི །

གོམ་རྗེས་ཙམ་རེད། །

ཁྱོད་ཀྱང་མ་སྐྱོ། །

ང་ཡང་མི་སྐྱོ། །

འུ་གཉིས་ཚེ་གང་། །

མཉམ་འགྲོ་མཉམ་འདུག །


  • ལེ་ཚན་སྔོན་མ།:ཚིག་གི་ཆར་འཇམ།
  • ལེ་ཚན་རྗེས་མ།:ཀུ་མ་རཱིའི་འཁྲུངས་སྐར་ལ་བཏེགས་པའི་ནས་ཆང་ཕོར་གང་།