སྙན་ངག་ལ་དགའ་བའི་རང་ཉིད།

ལྕེ་མདུད།        2021-11-29

སྙན་ངག་ལ་དགའ་བའི་རང་ཉིད།

རྒྱུན་དུ་སྐྱེ་དངོས་ཡོད་ཚད་དང་རྟོགས་འགྱུ་

དག་ལོངས་སུ་སྤྱོད་ཀྱིན་ཡོད།

དེ་ནི་ཁྱེད་ཀྱིས་ང་ལ་བྱིན་པའི་དྲོད་འཇམ་གྱི་ལྭ་བ་ཞིག་ཡིན།

སེམས་དྲོད་ཀྱི་རྟོགས་འགྱུ་མོད་པའི་ཚོར་ཤེས་དེ་དག།

མདུན་དང་རྒྱབ་གང་དུའང་ཁྱོད་ཉིད་ཡོད་པས།

ཐ་སྙད་ཀྱིས་སྲུང་ཐུབ་ཀྱིན་ཡོད་ལ།

སྲུང་ཐུབ་ཀྱིན་མེད་པའང་འདྲ།

ཐ་སྙད་ཀྱིས་སྲུང་བའི་ཚོར་ཤེས་དེ་དག།

རྟོགས་ངོ་ན་ཉེ་སར་ཡོད་ཅིང་།

རང་སྡོད་ཤག་གི་ཁང་མིག་ནང་ནའང་ཡོད་པས།

ཁོ་བོས་སྙན་ངག་ཁོ་ནར་ཡིད་ཆེས་ཤིང་།

སྙན་ངག་གིས་ཀྱང་ཁོ་བོ་དམིགས་ཀྱིས་སྲུང་གིན་ཡོད་དམ།

སྙན་ངག་གིས་ཡང་ནས་བསྐྱར་དུ། ཁོ་བོ་ལ་

བདེ་དྲོད་ཀྱི་ཚོར་བ་གཏེར་གྱིན་ཡོད་ལ།

ཡང་ནས་བསྐྱར་དུ། ཁེར་རྐྱང་གི་སྒོ་ཡོལ་

ཕྱེས་ནས་ཡོད་པས།

ང་ཡིས། རྟག་པར་རྒྱུན་དུ་སྙན་ངག་དང་ཁ་མ་བྲལ་

ན་འདོད་ཀྱིན་ཡོད།

སྙན་ངག་གིས་ཁེར་རྐྱང་གི་ལམ་བུ་མཐོང་གིན་ཡོད་ལ།

ཐ་སྙད་ཀྱིས་སྒོ་ཡོལ་ལ་ལག་པས་སྙོབ་ཀྱིན་ཡོད།

དེ་ལྟར་ཡང་ཁོ་བོས་སྙན་ངག་དངོས་མ་ཞིག་

གཏན་ནས་འཁྱང་གིན་མེད།

དེ་ནི་སྙན་ངག་ལ་དགའ་ཆེ་དྲགས་པས་ཨེ་ཡིན་ན།

དགའ་བ་དང་དུང་བའི་སྟོབས་ཀྱིས་མ་ལྷོད་པའི་དབང་གིས།

སྙན་ངག་གིས་ང་ཡི་བདེ་བ་དང་སྡུག་བསྔལ་

ཡོད་ཚད་ཐ་སྙད་ལ་བཅོལ་ཞིང་།

སྐྱེ་བ་ནས་སྐྱེ་བ། ཚེ་རབས་ནས་ཚེ་རབས།

འདས་པ་ནས་ད་ལྟ་དང་ད་ལྟ་ནས་མ་འོངས་པ་

མ་འོངས་པ་ནས་མ་འོངས་པའི་བར་དུ།

ཁོ་བོས་སྙན་ངག་ལ་དགའ་བའི་དུང་ཞེན་

ནམ་ཡང་ལྷོད་མི་སྲིད།

དེ་རིང་ཡང་ཁོ་བོས་དབྱངས་ཅན་མའི་སྐུ་པར་གྱི་མདུན་དུ།

ངག་གི་དངོས་གྲུབ་རྩོལ་བར་སྒུག་བཞིན་ཡོད།

དབྱངས་ཅན་མས་རང་ཉིད་ལ་སྙན་ངག་པ་

ཞེས་པའི་ཆོ་ལོ་བརྩལ་བར་སྒུག་ཡོད།

ཁོ་བོས་སྙན་ངག་གི་མཐུ་ནུས་དག་རེ་རེ་བཞིན་

རང་གི་ཕྲག་སྟེང་དུ་ཁུར་ནས།

མི་རབས་ནས་མི་རབས་བར་དུ་ལོངས་སུ་སྤྱད་ན་འདོད་སོང་།

དབྱངས་ཅན་མས་སྲུང་བའི་མི་དག།

ལག་པ་བརྐྱང་བ་ཙམ་གྱིས་ངག་གི་དབང་ཕྱུག་སྩོལ་གྱིན་ཡོད།

  • ལེ་ཚན་སྔོན་མ།:ཏྲེ་བོ་མདའ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།