གསར་བརྗེའི་གྲོང་ཁྱེར་གྲགས་ཅན་གྱི་ངོ་མཚར་བའི་ལོ་རྒྱུས།

ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བསྒྱུར།        2021-12-01

གསར་བརྗེའི་གྲོང་ཁྱེར་གྲགས་ཅན་གྱི་ངོ་མཚར་བའི་ལོ་རྒྱུས།
གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་གི་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན།


གསར་བརྗེའི་གྲོང་ཁྱེར་གྲགས་ཅན་གྱི་ངོ་མཚར་བའི་ལོ་རྒྱུས།
ཏུང་ཙུའུ་ཞིན(གཡོན་གྱི་གཉིས་པ)གྲོགས་པོ་རྣམས་
དང་ལྕགས་ཟམ་ཟམ་པའི་ཐོག་བླངས་པའི་དྲན་རྟེན་འདྲ་པར།


ལོ་ན82ལོན་པའི་ལས་འཁྱུར་ངལ་གསོ་བ་དགེ་རྒན་ཏུང་ཙུའུ་ཞིན་གྱིས་ཁུལ་བཙུགས་ནས་ལོ71རིང་གི་དྲན་ཤེས་ཁྲོད་ཀྱི་ལྕགས་ཟམ་ཁའི་འགྱུར་ལྡོག་གླེང་བ།

ལོ་འཁོར71ནི་གནའ་བོའི་འཕྲེད་རྒྱུག་རི་བོའི་ལྟེབ་རྩེག་ཁྲོད་འཁྱག་གཤག་བྱས་པ་ལྟ་བུའི་ཡུན་ཐུང་ཤིག་ཏུ་ཡིན་མོད། འོན་ཀྱང“ཀྲུང་གོ་གསར་པའི་རང་སྐྱོང་ཁུལ་དང་པོའི”ངོས་ནས་བརྗོད་ན་གྲོང་ཁྱེར་དང་གྲོང་གསེབ་ཟང་ཟིང་ནས་བཅོས་སྐྱོང་བྱས་པ་དང་།མི་སེར་དབུལ་པོ་ནས་ཕྱུག་པོར་ཆགས་པ།འཚོ་བ་དཀའ་སྡུག་ནས་བདེ་སྐྱིད་དུ་འགྱུར་བ་བཅས་ཀྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཟིན་ཐོར་བཀོད་ཡོད།

འགྱུར་ལྡོག་གི་ཁྲོད་དུ། སྤྱིར་བཏང་གི་མི་བུ་དཀྱུས་མ་དག་གིས་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་ནས་དཀའ་སྤྱད་འབད་འབུངས་བྱེད་པའི་མི་ཚེ་ནི་ཆེས་ཐུན་མིན་གྱི“དངོས་དཔེ”ཞིག་རེད། ཁོ་ཚོས་ཡར་ངོའི་ཟླ་ལྟར་འཕེལ་བའི་དུས་རབས་ཁྲོད་ཀྱི་དཀར་མཛེས་ཁུལ་གྱི་བགྲོད་ཤུལ་མཚོན་པར་མ་ཟད།“རང་སྐྱོང་ཁུལ་དང་མཉམ་བསྐྱོད”ཀྱི་ཆེས་མཛེས་པའི་དངོས་བྲིས་བཞག་ཡོད།

ཉམས་པ་ཀུན་གསོས་ནས་ཡར་ངོའི་ཟླ་ལྟར་འཕེལ་བ་དང་། ཆར་རླུང་ཁྲོད་ཀྱི་ཀྱག་ཀྱོག་ལམ་བུ་བརྒྱུད་ནས་སྤྱིར་བཏང་མིན་པའི་ལོ་ཟླ་བརྒྱུད་ནས་དཀར་མཛེས་ཁུལ་འབྱོར་འབྲིང་ཕྱོགས་སུ་གོམས་སྟབས་བསྒྱུར་བར་བདེན་དཔང་བྱས། 1939ལོར་སྐྱེས་པའི་ལྕགས་ཟམ་རྫོང་གི་ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་ཏུང་ཙུའུ་ཞིན་གྱི་མི་ཚེའི་གོམ་སྟབས་རེ་རེ་ནི་རང་སྐྱོང་ཁུལ་གྱི་འཕོ་འགྱུར་དང་འབྲེལ་བ་དམ་ཟབ་ཡོད་ཅེས་བརྗོད་ཆོག་ཆོག་རེད།

བཟའ་བཏུང་གི་ལོ་རྒྱུས། ལྟོ་བ་མི་རྒྱགས་པ་ནས་བཟའ་བཅའ་ཕུན་སུམ་ཚོགས་པ།

ཏུང་ཙུའུ་ཞིན་ནི་ལྕགས་ཟམ་རྫོང་ཞིན་ལུང་གྲོང་རྡལ་ཧྲེན་སྡེ་བའི་མི་ཡིན། ལོ་གསུམ་རིང་གི་རང་བྱུང་གནོད་སྐྱོན་དང“སྤྱི་ཐབ་མཉམ་ཟའི”དུས་རབས་བརྒྱུད་མྱོང་ལ། མི་དམངས་ཀུང་ཧྲེ་ཅན་དུ་འགྱུར་བའི་ལས་འགུལ་ནང་ཞུགས་པ་དང་ས་ཞིང་འགན་གཙང་ལེན་བྱེད་པའི་འགན་འཁྲིའི་ལམ་ལུགས་ཀྱི་འཕོ་འགྱུར་བྱུང་ཚུལ་སོགས་དངོས་སུ་བརྒྱུད་མྱོང་།

འཚོ་བའི་འཕོ་འགྱུར་སྐོར་གླེང་སྐབས། ད་ལོར་ལོ་ན82ལ་ལོན་པའི་ཏུང་ཙུའུ་ཞིན་གྱིས་སྐད་ཆ་ཅི་ཞིག་ལབ་ཀྱང་མང་ཚོགས་ཀྱི་གསོལ་ལྕོག་དང་འབྲེལ་ཞིང་། གནའ་བོའི་བཤད་སྲོལ་ལྟར་བཟའ་འབྲུ་རྡོག་གཅིག་གིས་འཛམ་གླིང་རྟོགས་ཐུབ་ལ། རྩོམ་མཁན་གཉིས་ཀྱིས་རྒྱལ་ཁབ་གནས་ཚུལ་གླེང་ཞེས་པ་ལས་ནམ་རྒྱུན་མང་ཚོགས་ཀྱི་བཟའ་བཏུང་སྐོར་ལ་གླེང་མོལ་བྱས་པ་མཚོན།

“ལྟོ་བ་མི་རྒྱགས་པ” ནི་ཏུང་ཙུའུ་ཞིན་ཆུང་དུས་ཀྱི་ཆེས་གཏིང་ཟབ་པའི་དྲན་ཤེས་ཤིག་ཡིན་ཞིང་། ཁོས་གསར་འགོད་པར“ཀྲུང་གོ་གསར་པ་མ་བཙུགས་སྔོན་དུ་ཞིང་བདག་དང་ཕྱུག་བདག ཁོ་ཚོའི་གཉེན་ཉེ་བཅས་ཀྱི་ཁ་ཟས་སུ་མ་རྨོས་ལོ་ཏོག་དང་ཆུ་འབྲས་བཟའ་རྒྱུར་གོམས་ཡོད་ལ། དབུལ་པོའི་གཉེན་ཉེ་དང་ང་ཚོར་མ་རྨོས་ལོ་ཏོག་གི་ཁུ་བ་འཐུང་བར་གོམས་ཡོད་ཅེས་བཤད།

སྡུག་གི་ཁུར་བོ་དེ་ཀྲུང་གོ་གསར་མ་བཙུགས་བར་དུ་ཁུར་ཡོད། སྐབས་དེར་ཡང་གོ་མིང་སྲིད་གཞུང་གི་རུལ་སུངས་ཀྱི་དབང་སྒྱུར་དང་དུས་ཡུན་རིང་པོའི་དམག་འཁྲུག་གི་གཏོར་བརླག། དེའི་མི་ཚད་ཡ་ང་བའི་རང་བྱུང་གནོད་འཚེ་དང་འཕྲད་པས་ཀྲུང་གོ་གུང་ཁྲན་ཏང་དང་མི་དམངས་སྲིད་གཞུང་གི་མདུན་དུ་ལྷགས་པའི་གནས་བབ་ནི་ཤིན་ཏུ་ཛ་དྲག་ཆེ་བ་རེད།

1958ལོར། ཏུང་ཙུའུ་ཞིན་གྱི་ཁྱིམ་ནང་དུ་ཟླ་རེར་སྒོར13གྱི་འཚོ་བའི་གྲོན་དངུལ་སྤྲོད་རྒྱུ་མེད་པས་ཁོ་དར་མདོ་སློབ་འབྲིང་ནས་སློབ་མཚམས་བཞག་ནས་ཕ་ཡུལ་དུ་ལོག་སྟེ་གྲོང་གསེབ་ཀྱི་སློབ་ཆུང་གི་དགེ་རྒན་བྱས།

“སྐབས་དེ་དུས། ཆ་སྙོམས་བགོ་བཤའ་དང་སྐྱིན་མེད་གཏོང་སྤྲོད་ཀྱི་འཆར་ལྡན་དཔལ་འབྱོར་ལག་བསྟར་བྱེད་བཞིན་ཡོད། རུ་དཔོན་གྱིས་དུས་ཚོད་ལ་བལྟས་ནས་ལས་མགོ་ཚུགས་པ་དང་གྲོང་མིའི་ལས་ཀ་བྱས་ནས་སྐར་མ་རག་ཐབས་བྱེད་ཀྱི་ཡོད། འབྲུ་རིགས་དང་ཤ། སྣུམ། ཐ་ན་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་ཚང་མ་སྤ་སེ་ལ་བརྟེན་ནས་མཁོ་ཚོང་ཁང་དུ་ཉོ་རུ་འགྲོ་དགོས་ཀྱི་ཡོད”ཅེས་བཤད། ཏུང་ཙུའུ་ཞིན་གྱི་བག་ཆགས་ནང་དུ། ལོ་དེར་ཁྱིམ་ཚང་ཚང་མའི་གསོལ་ལྕོག་ཐོག་ཏུ་ཡོད་པ་མཐའ་དག་ནི་མ་རྨོས་ལོ་ཏོག་དང་ཞོག་ཁོག ལ་ཕུག ལོང་གོའི་པད་ཚལ་སོགས་ཡིན་ལ། མི་ཚང་མས་བཟའ་བཏུང་ལ་རེ་སྒུག་བྱེད་པ་དེའང་གཅིག་མཐུན་ཡིན་ཞིང་དེ་ནི་ལྟོ་བ་རྒྱགས་རྒྱུ་དེ་རེད།

འོན་ཀྱང་། ད་ཆ་ལྕགས་ཟམ་རྫོང་ལྕགས་ཟམ་གྲོང་རྡལ་དུ་མི་ཚེ་སྐྱེལ་བའི་ཏུང་ཙུའུ་ཞིན་གྱིས་བཟའ་བཅའི་དངོས་པོ་ཕུན་སུམ་ཚོགས་པོ་ཡོད་པ་དང་ལྷོ་བྱང་གཉིས་ཀྱི་བྲོ་བ་མི་འདྲ་བའི་ཟ་ཁང་མང་པོ་ཡོད་པ་དང་། ཤ་དང་བྱ་སྒོང་། འོ་མ་སོགས་དུས་ཚིགས་བཞི་པོར་ཡོད་ལ། སྔོ་ཚལ་དང་ཤིང་འབྲས་གསར་པ་དུས་ཐོག་ཏུ་མཁོ་སྤྲོད་བྱེད་ཐུབ་ཅེས་བཤད། ལྷག་པར་དུ་ཚ་བོ་ཚོས་ལག་ཁྱེར་ཁ་པར་བཟུང་ནས་ཟ་ཁང་འཚོལ་བ་དང་བཟའ་བཅའི་རྒྱུ་ཆ་ཉོ་བ་སོགས་བྱེད་ཀྱི་ཡོད་པས་ཁོང་རང་ཧང་སངས་བར་བྱས།

ཏུང་ཙུའུ་ཞིན་གྱིས་ད་ཆའི“མི་སེར་གྱི་གསོལ་ལྕོག”ནི“ཉིན་ལྟར་ལོ་གསར་གཏོང་གི་ཡོད”པ་དང་འདྲ་ལ། “བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས་སྤ་སེས་ཟས་གོས་འགྲོ་འདུག་མཁོ་སྤྲོད་བྱེད་པའི་འཚོ་བ་ནི་ཕྱིར་དྲན་ཙམ་དུ་གྱུར། ང་ཚོས་དེ་རིང་མཐོང་ཆེན་བྱེད་བཞིན་པ་ནི་འབྲུ་རིགས་དཀྱུས་མ་དང་འབྲུ་ལེགས་སྡེབ་སྦྱོར་བྱེད་པ་དང་།སྔོ་ཚལ་དང་ཤིང་འབྲས་སྡེབ་སྦྱོར་བྱེད་པ། བྱ་ཤ་དང་ཉ་ཤ་སྡེབ་སྦྱོར་བྱེད་པ་ཡིན། གསར་པ་ཡིན་དགོས་པར་མ་ཟད་ཚན་རིག་དང་མཐུན་དགོས་ལ། སྐྱེ་ལྡན་འཚོ་བཅུད་ཀྱང་ལྡན་དགོས་ཞེས་བཤད་པ་རེད།

མི་སྡོད་ཀྱི་ཟིན་ཐོ། དུ་དྲེག་གིས་ཁེངས་པའི་སྡོད་ཁང་དེ་རིག་ནུས་སྡོད་ཁང་དུ་བསྒྱུར་བ།

དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དང་དྲུག་ཅུའི་ནང་།ལྕགས་ཟམ་ཁར་ཕྱིར་ལོག་པའི་ཏུང་ཙུའུ་ཞིན་སྔ་གཞུག་ཏུ་ཧྲེན་སྡེ་སློབ་ཆུང་དང་རྫོང་རིག་གནས་ཁང་དུ་བྱ་བ་བསྒྲུབས་ཡོད་ཅིང་།ཁོས་བལྟས་ན།ནག་ཐིང་ཐིང་དང་སྐྱ་ཐལ་ཐལ། བཙོག་དམེ་དམེ་བཅས་ནི་དུས་སྐབས་ཤིག་གི་ལོ་ཟླ་ནང་གི་འཚོ་བའི་གནས་ཚུལ་ཡིན་པ་རེད།

དྲན་ཤེས་ཀྱི་མེ་ལོང་དེ་དཀར་ནག་གི་འདྲ་པར་ཞིག་དང་འདྲ་བར། ཏུང་ཙུའུ་ཞིན་གྱིས་དེའི་ཁྲོད་ནས་མངོན་གསལ་དོད་ཤོས་ཀྱི་སྒོ་ནས་ཧྲེན་ཚུན་སློབ་ཆུང་དུ་རྒྱ་ཡིག་དགེ་རྒན་གྱི་འགན་འཁུར་མ་ཐག་པའི་དགོང་མོ་ནས་དེ་རིང་བར་གྱི་འདས་དོན་མང་པོ་ཞིག་མིག་ལམ་དུ་འཆར་བྱུང་ཞེས་བཤད།

སྐབས་དེ་དུས་ལྕགས་ཟམ་རྫོང་ཁོངས་ཀྱི་སློབ་གྲྭ་མི་ཉུང་བ་ཞིག་དགོན་སྡེ་བསྒྱུར་བཀོད་བྱས་ནས་ཡོང་ཞིང་། སློབ་གྲྭར་སླེབས་མ་ཐག་པའི་ཏུང་ཙུའུ་ཞིན་དང་ལས་རོགས་གསར་པ་གཉིས་ལ་ཁང་མིག་དོག་པོ་ཞིག་བགོས་ནས་འཚོ་བར་རིལ་བཞིན་ཡོད་པ་དང་། ཉལ་ཁྲི་ནི་སྒོ་པང་ཞིག་ཡིན་ལ།དེའི་ཐོག་ཏུ་སྲིང་བལ་དང་ཉལ་གདན་རྙིང་པ་ཞིག་བཏིང་ཡོད།

ཏུང་ཙུའུ་ཞིན་གྱིས་སྐབས་དེར་དུག་སྦྲང་མང་བས། དགོང་མོར་དུག་སྦྲང་གིས་ལུས་པོ་ཡོངས་སུ་གནོད་འཚེ་བཏང་ནས་ཉིན་གཉིས་པར་ཉལ་གདན་ཐོག་ཏུ་ཁྲག་རྗེས་ཀྱིས་ཁེངས་འདུག། ང་དང་ལས་རོགས་ཚང་མར་མཚན་གང་བོར་གཉིད་ཀྱང་ཁུག་མ་སོང་ཞེས་བཤད། ཉིན་ལྟར་ཉི་མ་ནུབ་པའི་སྔ་རྗེས་སུ་གྲོང་པ་ཡོངས་སུ་དུ་བ་ལང་ལོང་དུ་གཡོ་བཞིན་ཡོད།རྒྱུ་མཚན་ནི་སྐབས་དེ་དུས་གློག་ཐབ་སོགས་གང་ཡང་མེད་པས་ཚང་མས་བུད་ཤིང་བསྲེགས་ནས་ཟ་མ་ལས་དགོས་པ་རེད།

བུད་ཤིང་བསྲེགས་པའི་དུ་སྨུག་སྟུག་པོའི་ཁྲོད་མིག་ཆུ་དབང་མེད་དུ་འཛག་ཀྱང་དུ་སྨུག་དང་བྲལ་བའི་འཚོ་ཐབས་གཞན་རྙེད་ལེ་མ་རེད།སྐབས་དེ་དུས་ཀྱི་གྲོང་སྡེའི་རྣམ་པ་མང་ཆེ་བ་ནི་ཆར་རླུང་ཁྲོད་ཀྱི་རྩྭ་ཁང་ཡིན་པ་དང་། ཐོག་དཔངས་དམའ་ལ་རལ་བའི་ས་ཕག་ཁང་པ་ཡིན་ཞིང་། དགུན་དུས་གྲང་ངར་ཆེ་ལ་དབྱར་དུས་མི་ཕྱུགས་མཉམ་སྡོད་བྱ་དགོས་ཀྱི་ཡོད།

དེའི་རྗེས་གྲོང་ཁྱེར་དང་གྲོང་སྡེའི་འཚོ་གནས་ཆ་རྐྱེན་ལོ་རེ་བཞིན་ལེགས་སུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་ཏུང་ཙུའུ་ཞིན་ལ་ཆེས་སེམས་འགུལ་ཐེབས་པ་ཞིག་ནི་ཡོང་འབབ་དམའ་བའི་ཚོགས་སྤྱིར་བདེ་སྡོད་ཕུགས་འདུན་མངོན་འགྱུར་ཡོང་རོགས་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་སྲིད་སྐྱོང་གི་ཚད་ལྡན་བཀོད་སྒྲིག་ཏུ་གྱུར་ཡོད།

ལོ་འདི་དག་གི་ནང་དུ་ཏུང་ཙུའུ་ཞིན་ཕ་ཡུལ་དུ་ལོག་དུས་གྲོང་སྡེའི་རྣམ་པ་དེ་སྔོན་དང་མི་འདྲ་བར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཁོད་སྙོམས་ཨར་འདམ་གཞུང་ལམ་གྲོང་སྡེ་ཡོངས་སུ་བཏང་བས་མ་ཚད་ཚོན་མདོག་སྣ་གཅིག་གི་སོ་ཕག་ཐོག་ཁང་བགྲོད་ལམ་གཡས་གཡོན་དུ་སྟར་པ་སྦྲེལ་ནས་བསྐྲུན་ཡོད།

ཁང་པ་རེ་རེའི་ནང་དུ་འགྱིག་ལྕགས་སྒེའུ་ཁུང་དང་རྐུ་འགོག་སྒོ་པང་སོགས་སྒྲིག་བཀོད་བྱས་ཡོད་པས་མ་ཚད་སོ་ཕག་དཀར་རྩི་མ་སྣ་ཚོགས་ཕྱི་སྦྱར་ནང་བཏིང་བྱས་པའི་རྣམ་པ་ནི་མཛེས་ཤིང་གཙང་ལ་གྲལ་འགྲིག་པ། གྲོང་མི་གང་ཞིག་གི་ཁྱིམ་དུ་སྐྱོད་སྐབས་ཁྱིམ་སྤྱོད་གློག་ཆས་སོགས་ཆ་ཚང་ཡོད་པར་མ་ཟད།དྲྭ་ཆེན་ཡང་སྦྲེལ་མཐུད་ཐུབ་ནས་དེང་རབས་ཅན་གྱི་ཆ་འཕྲིན་གློག་བརྙན།ཐའོ་པའོ་སོགས་ལ་ལྟ་གི་ཡོད།

ཏུང་ཙུའུ་ཞིན་གྱིས་ཕྱོགས་བསྡོམས་བྱས་པ་ལྟར་ན། ད་ཆ་ཞིང་གྲོང་གི་བདེ་སྐྱིད་སྟོན་གྲངས་གྲོང་ཁྱེར་བ་ལས་གཏན་ནས་མི་ཞན། ད་ཆ་གྲོང་སྡེའི་ཕྲུ་གུ་ཚོས་ཆར་རླུང་ཁྲོད་ཀྱི་དཀའ་སྡུག་མྱངས་མྱོང་ངམ། སེན་མགོར་རྣག་དང་ཕྱི་གཏིང་ཁྲག་གིས་ཁེངས་པའི་དཀའ་ལས་བརྒྱབ་མྱོངས་ངམ་ཞེས་བཤད།

གཞལ་ཡས་ཁང་འདྲ་བའི་ཐོག་ཁང་དང་།སློབ་གྲྭ། སྨན་ཁང་།སྒོ་རྩིས་ཚོང་ཁང་། ཟ་ཁང་།རིག་གནས་ཐང་ཆེན་སོགས་གྲོང་པ་དང་ཐག་མི་རིང་བའི་སར་གོ་རིམ་ལྡན་པའི་ངང་བསྐྲུན་ཡོད། ད་ཆ་ཏུང་ཙུའུ་ཞིན་གྱི་མིག་ལམ་དུ་རང་སྐྱོང་ཁུལ་གྱི་གྲོང་རྡལ་དང་གྲོང་སྡེ་ཚང་མའི་རིམ་སྤོར་རྣམ་པ་མཐོང་ཐེངས་རེར་དབུལ་ཕོངས་རྗེས་ལུས་ནས་གསར་གཏོད་རླབས་ཆེན་དུ་བསྒྱུར་བའི་འབད་འཐབ་ལོ་རྒྱུས་མ་གླེང་ཐབས་མེད་བྱུང་ཡོད།

འགྲོ་སྐྱོད་ཀྱི་ཐོ་འགོད། སྐྱེལ་འདྲེན་གཞུང་ལམ་ནས་དཔལ་འབྱོར་བར་ཁྱམས་སུ་གྱུར་པ།

ལས་འཁྱུར་ངལ་གསོ་མ་བྱས་གོང་ཏུ་ཏུང་ཙུའུ་ཞིན་ནི་ལྕགས་ཟམ་རྫོང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་དང་ལས་བཟོ་མི་སྣ་ཞིག་ཡིན་ཞིང་།ལས་འཁྱུར་ངལ་གསོ་བྱས་རྗེས་ཁོང་གིས་ཏང་གི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་འཚོལ་བསྡུ་ལེགས་སྒྲིག་དང་ས་གནས་དེ་གའི་དམངས་སྲོལ་རིག་གནས་ལ་ཞིབ་འཇུག་བྱ་རྒྱུར་གཞོལ་བས་གསར་བརྗེའི་གྲགས་ཅན་གྲོང་ཁྱེར་གྱི་སྐད་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་ཞིག་ཏུ་གྱུར་ཡོད།

ལོ་བདུན་ཅུའི་ལོ་ཟླ་རིང་མོའི་ཁྲོད་དབུལ་ཕོངས་ཀྱི་རྣམ་པ་རིམ་བཞིན་དུ་སྨུག་པ་ཡལ་བ་ལྟར་མཐོང་རྒྱུ་མེད་གྱུར་ནས་ལྕགས་ལམ་དྲྭ་རྒྱ་བཙུགས་པའི་ལེའུ་གསར་པ་ཞིག་བསྐྲུན་ཡོད། 2019ལོའི་རྒྱལ་སྟོན་སྐབས་ཏུང་ཙུའུ་ཞིན་གྱི《ཤོ་ལོ་ཀ་ཚིག་བདུན་མ། རླབས་ཆེན་མེས་རྒྱལ་ལོ་བདུན་ཅུར་ལོན་པའི་བསྟོད་པ》ལས་ལམ་དང་ཕུག་ལམ་གྱིས་ཕྱུག་པའི་མདུན་སྐྱོད་ཀྱི་ཀྲུང་གོ་གསར་པ་དོན་མཚོན་བྱས་པ་རེད།

ཏུང་ཙུའུ་ཞིན་གྱིས་ལོ་ན་མཐོ་པོར་སླེབས་པའི་རང་ལ་མཚོན་ན། ཆེ་ས་ནས་བཤད་ན་ཀྲུང་གོ་གསར་པ་བཙུགས་པའི་ཐོག་མའི་དཀའ་སྤྱད་འབད་བརྩོན་དང་།དུས་རབས་གོང་མའི་ལོ་རབས70པའི་དུས་མཇུག་གི་བཅོས་བསྒྱུར་སྒོ་འབྱེད།ད་སྔའི་འབད་འབུངས་ཡར་བརྩོན་བཅས་ཀྱི་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་དཔང་པོ་བྱས་ཡོད། ཆུང་ས་ནས་བཤད་ན་རང་སྐྱོང་ཁུལ་གྱི་དཔལ་འབྱོར་འཕར་བ་དང་།མི་རེའི་ཆ་སྙོམས་ཡོང་འབབ་བརྟན་པོའི་ངང་འཕར་བ།ཐོན་ལས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ།གྲོང་ཁྱེར་དང་གྲོང་སྡེ་བཅོས་སྐྱོང་རིམ་སྤོར་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་རིམ་པ་མཐོ་རུ་ཕྱིན་པའི་བརྒྱུད་རིམ་ཁྲོད་ཞུགས་མྱོང་པས་ཀྲུང་གོ་གསར་པ་དང་ན་ཟླ་ཚོའི་ངོས་ནས་བརྗོད་ན་སྤོབས་པ་སྐྱེ་གི་ཡོད་ལ།ཁུལ་དང་ལས་རིགས་གཅིག་པའི་དབང་གིས་སྤོབས་པ་དེ་བས་ཆེ་རུ་ཕྱིན་ཡོད་ཅེས་བཤད།

ལས་རིགས་གཅིག་པའི་ལམ་བུའི་མཐོང་ཐོས་ཐད་ཁོས་མྱོང་ཚོར་ཟབ་མོའི་སྒོ་ནས་གསར་འགོད་པར་ལམ་བུ་མེད་པ་ནས་འགྲོ་སའི་བར་དང་།ལྕགས་ཟམ་རྫོང་།ཁྲོན་བོད་གཞུང་ལམ་བརྒྱུད་ཡུལ་གྱི་རྫོང་གྲོང་ཆུང་བ།ས་ཁོངས་ནང་གི་ཟམ་ཆེན་འགའ་ཞིག་གི་རིམ་པ་མཐོ་རུ་ཕྱིན་པ་བཅས་ནི་བོད་འབྲེལ་ས་ཁུལ་དུ་སྐྱོད་པའི་གཞུང་ལམ་འགྲིམ་འགྲུལ་འཕེལ་རྒྱས་དང་ཐ་ན་ཁུལ་ཡོངས་འབྱོར་འབྲིང་དུ་སྐྱོད་པའི་གསོན་ཉམས་དོད་ཤོས་ཀྱི་རྣམ་པ་ཞིག་རེད།

ལོ་རྒྱུས་ལྡན་པའི་ཟམ་པ་བརྒལ་ནས་ཁྲོན་བོད་ལམ་རྒྱུད་ཀྱི་འཕོ་འགྱུར་གསལ་བཤད་བྱས།

ཏུང་ཙུའུ་ཞིན་གྱིས་རྒྱལ་མོ་རྔུལ་ཆུའི་ངོགས་གཉིས་ཀྱི་མི་སེར་དང་ཕྱུགས་རིགས་ཆུ་བོ་རྒལ་དུས་ལྕགས་ཐག་ཟམ་པ་དེ་མ་བརྒྱུད་ན་ཀོ་གཟིངས་དང་ཡང་ན་འབྲེང་ཟམ་བཟོ་དགོས་པས་ཉེན་ཁ་ཧ་ཅང་ཆེ། ཆུ་བོ་རྒྱལ་མོ་རྔུལ་ཆུ་ནི་གྲོག་རོང་ཕྱོགས་གཉིས་མཐུད་པ་དང་བོད་རྒྱ་འབྲེལ་མཐུད་བྱེད་སའི་ཟམ་པ་ཞིག་ཡིན་ཞེས་བཤད།

1950ལོའི་ལོ་མགོར་དམག་སྡེ་བཅོ་བརྒྱད་པས་གཞུང་ལམ་ལས་ཞོར་བོད་དུ་སྐྱོད་པ་དང་།ཤ་ཁྲག་གི་ཕུང་པོ་དང་སྟབས་བདེའི་ལག་ཆ་སྤྱད་ནས་རི་དང་ཐུག་ན་ལམ་གཏོད། ཆུ་ལ་ཐུག་ན་ཟམ་པ་བསྐྲུན།རྦ་རླབས་དྲག་ཏུ་འཕྱུར་བའི་རྒྱལ་མོ་རྔུལ་ཆུའི་ཐོག་ལ་ཞི་ཁམས་དཔྱང་ཟམ་བཙུགས་ཡོད།

ཟམ་ཆེན་དེ་ནི་ཁྲོན་བོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཟམ་པ400ལྷག་གི་ནང་ནས་ཟམ་པ་རིང་ཤོས་ཀྱི་གྲས་ཤིག་ཡིན་པ་དང་ཐེངས་གཅིག་ལ་རླངས་འཁོར་ཤར་གཏོང་ཐུབ་པ་དེ་ཐོག་ནས་ཚོང་འདྲེན་རྡལ་ལམ་གྱི་དུས་རབས་དངོས་སུ་མཇུག་འགྲིལ་བ་མཚོན་པར་མ་ཟད།རང་སྐྱོང་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་མ་ལག་གི་འཕུར་མཆོང་ཐེངས་དང་པོ་ཡང་མཚོན་ཡོད།

དུས་ཚོད་ཀྱི་ཆུ་རྒྱུན་རིང་མོ་མུ་མཐུད་མདུན་ནས་མདུན་དུ་རྒྱུག། ལོ71གི་རྗེས་སུ།འཕྲེད་བཅད་རི་ཁུལ་གྱི་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་སྐྱོད་སྐབས།ཁལ་ཟོག་གིས་ཁུར་བ་དང་ཕྲག་པས་ཁུར་བ།རྐང་པ་གཉིས་ལ་བརྟེན་པའི་རྣམ་པ་དེ་སྔ་ས་ནས་ལོ་རྒྱུས་ཀྱི་བྲག་ཅར་གཏན་འཁེལ་བྱས་ཡོད།

ཆུ་བོ་དེད་ནས་གྱེན་དུ་བསྐྱོད་སྐབས།བརྗིད་ཉམས་ཆེ་ཞིང་ཚོན་མདངས་རྣམ་པར་བཀྲ་བའི་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཟམ་ཆེན་ཞིག་ཡོད་པ་དེ་ནི་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་བརྒྱུད་ཡུལ་གྱི་རྒྱལ་མོ་རྔུལ་ཆུའི་སྟེང་དུ་བསྐྲུན་པའི་དྲྭ་གྲགས་ཟམ་ཆེན་ཏེ་ལྕགས་ཟམ་ཟམ་ཆེན་རེད།

རྒྱལ་མོ་རྔུལ་ཆུའི་མྱུར་བགྲོད་གཞུང་ལམ་གྱི་ཟམ་ཆེན་དང་པོ་ཡིན་པའི་ངོས་ནས“ཁྲོན་བོད་ཟམ་པ་དང་པོ”ཞེས་པའི་མཚན་སྙན་ཐོབ་པ་དང་འབྲེལ2019ལོར་ཟམ་པའི་ལས་རིགས་སུ་ཞུགས་པའི“ནོ་པེར་བྱ་དགའ”སྟེIBMཡི“ཀུའུ་སི་ཐ་ཕུའུ·ལིན་ཏེ་སར”ཞེས་པའི་གསེར་གྱི་བྱ་དགའ་ཐོབ་ཡོད།

མི་རིང་བའི་གོང་ཏུང་ཙུའུ་ཞིན་གདན་ཞུས་ལྟར“དྲྭ་གྲགས་ཟམ་པ”དེར་ཕེབས་ནས་རྔ་དང་འཁར་རྔ་བརྡུངས་ནས་གཏོད་བཞིན་པའི“སྣོལ་འདྲེན+རྒྱང་མཆོང་ཉམས་ལེན”ལས་གཞིར་གཟིགས་སྐོར་གནང་ཡོད། དྲང་ཐིག་སྤྱི་ལེ་ལྔ་ཙམ་གྱི་བར་ན་ལྕགས་ཟམ་ཟམ་པ་དང་ལྕགས་ཐག་དཔྱང་ཟམ། དེང་རབས་ངར་ལྕགས་གདུང་མའི་དཔྱང་ཟམ་བཅས་བསྐྲུན་འདུག་པར་བལྟས་ན། ཟམ་པ་གསར་རྙིང་གསུམ་པོའི་ལོ་རབས་མི་འདྲ་ནའང་། དུས་རབས་དང་བསྟུན་པའི་འགྲོ་སྐྱོད་སྟབས་བདེ་བ་དང་ས་ཁོངས་སྦྲེལ་མཐུད་ཐུབ་པ།མི་སེར་ལ་བདེ་སྐྱིད་བསྐྲུན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད་ཅེས་བཤད།

ལོ86གོང་དུ་ལྕགས་ཐག13ལས་གྲུབ་པའི་ལྕགས་ཟམ་ཟམ་པས་ཀྲུང་གོའི་གསར་བརྗེར་ཤི་ཉེན་འཕྲད་པའི་དུས་སྐབས་བློ་ལ་བརྟན་པོར་ངེས་ཡོད། ད་ཆ་རྒྱལ་མོ་རྔུལ་ཆུའི་སྟེང་གི་ལྕགས་ཐག436ལས་གྲུབ་པའི་དཔྱང་ཟམ་གྱིས་ཁམས་པའི་བུ་ཕྲུག་གི་ཡུལ་སྡེ་དར་རྒྱས་གཏོང་བའི་རྣམ་པ་བཟང་པོ་ཞིག་ར་སྤྲོད་བྱས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཉག་ཆུའི་འབབ་རྒྱུད་ཀྱི་ཆུ་གློག་གསར་སྦོལ་ཚད་ཡོད་སྤྱི་གཉེར་ཁང་དང་ཞུགས་མོལ་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།