དམངས་གཞས་ཤིག་ལ་ཉན་ཞོར་ཆུང་གྲོགས་དྲན་པ།

སྨོན་དུང་ཁྲག        2021-12-03

བརྩེ་འཛུམ་དར་དཀར་ཡོལ་བ་མཐོན་མཐིང་མཁའ་ལ་འཐེན་ཅིང་།།

ཚིག་འཇམ་བལ་དཀར་ཁ་ཆུ་སེམས་ཀྱི་མཚེའུར་སིམ་སོང་།།

རྫ་མགོ་རི་མགོའི་དམངས་གཞས་དྲན་པ་དགུ་བྲུག་ཆུ་མོ།།

དྲན་པའི་ཡལ་གའི་སྟེང་དུ་སྙིང་ཆུང་བྱེའུ་བབས་བྱུང་།།

དབྱར་གཞུང་མེ་ཏོག་ཐང་གི་དཀར་ཆུང་ལུ་གུའི་འབའ་སྒྲ།།

ལྷོད་ལྷོད་དབྱངས་ཀྱིས་མཛེས་པའི་ཁྱེད་ཀྱི་སྙིང་གཏམ་འདྲ་བ།།

ཡང་བསྐྱར་ཕྱི་མིག་ཀློང་གི་དྲན་པའི་མཚེའུ་སྐྱོམ་ཚེ།།

ཆུང་ཆུང་དྲན་པའི་ལོ་ཟླ་གནམ་གྱི་སྐར་ཚོགས་བཞིན་ནོ།།

དག་གཙང་རྫ་ཆུ་བཞུར་བའི་ཁོད་ཡངས་སེམས་ཀྱི་སྤང་ཐང་།།

ལོ་ཟླའི་མཛེས་པ་བཞད་ས་དྲུག་འགྱུར་དབྱངས་རྟ་འཕྱོ་ས།།

ལྷག་བསམ་ཁ་བས་གཡོགས་པ་སྤྱན་ཟུང་གཙང་བོར་མངོན་བྱུང་།།

ཁྱེད་ཉིད་བཅུད་དུ་བསྒོམ་ཡོད་སེམས་ཀྱི་དྲོད་སར་བསྙལ་ཡོད།།

ཁྲ་ཁྲའི་འཇིག་རྟེན་འདི་ནས་སྙིང་བོ་འཚོལ་ཐབས་དཀའ་ཡང་།།

སྣང་བའི་རི་རྩེ་དེ་ཉིད་མག་མོག་སྨུག་པས་མ་ཟིན།།

ལོ་དང་ཟླ་བའི་ཁུད་དུ་སེམས་ཀྱི་མུ་ཏིག་གཅུད་ཡོད།།

དྲན་གདུང་རླབས་ཀྱི་ཆུ་རིས་ཉེ་བའི་ཉེ་བར་བཅར་ཡོང་།།

  • ལེ་ཚན་སྔོན་མ།:ཀུ་མ་རཱིའི་འཁྲུངས་སྐར་ལ་བཏེགས་པའི་ནས་ཆང་ཕོར་གང་།
  • ལེ་ཚན་རྗེས་མ།:སེམས་པ་ཕར་འགྲོ།