བོད་ཆེན་པའི་མཛངས་བློན་བདུན།

མ་གཅིག་ཀུན་དཔལ།        2021-12-10

དམར་སེར་ལི་ཁྲིའི་མདངས་འཛིན་ལྷག་པའི་ལྷ། །

སངས་རྒྱས་ཀུན་གྱི་ངོ་བོ་འཇམ་དཔལ་དབྱངས། །

སྟོང་ཆེན་མུན་པ་བསལ་བའི་ཉི་གཞོན་བཞིན། །

བདག་བློའི་མ་རིག་དྲི་མ་གཞོམ་པར་ཞུ། །

རྩྭ་རྩེའི་རྡུལ་མང་བཀྲུ་བའི་ཆར་ཆུ་བཞིན། །

འགྲོ་བློའི་དྲི་མ་བསང་བའི་རྗེ་བཙུན་མ། །

མཁའ་འགྲོ་འབུམ་གྱིས་བསྐོར་ནས་ད་ཚུར་བྱོན། །

བདག་ལ་ཤེས་པའི་མེ་ཏོག་སྩོལ་གྱུར་ཅིག །

བཙན་པོའི་རྒྱལ་རབས་ངོ་མཚར་ལོ་རྒྱུས་རིས། །

དཔའ་བོའི་བྱུང་བ་སྙན་པའི་གཏམ་གྱི་མཛོད། །

རྣ་བའི་དཔྱིད་ལ་ལན་གཅིག་འཁོར་བ་འམ། །

ཡིད་ཀྱི་ཞིང་མཁར་ལན་གཅིག་འགོད་པར་བྲེལ། །

དེ་ཡང་སུམ་ཉིས་ས་ཡི་ཕང་བ་རུ། །

སྙན་པའི་རི་མཚོན་སྲིད་ན་གཡོ་བའི་མ། །

ཆེན་པོ་བོད་ཀྱི་མཛངས༵་མི་མི་བདུན༵་གྱི། །

བྱུང་བའི་ཚུལ་ལ་བློ་ཡིས་མཇལ་ཙམ་བྱེད། །

ཐབས་ཀྱི་བདག་པོ་མཛངས་མི་རུ༵་ལས༵་སྐྱེས༵། །

སྤུ་དེ་གོང་རྒྱལ་བཙན་པོའི་བློན་ལ་བསྐོས། །

བཟོ་ལས་རིག་པའི་དཔྱོད་ཤེས་རྣམ་པར་ཡངས། །

ཤིང་བསྲེགས་སོལ་ཕབ་རྡོ་བཞུས་གསེར་སོཊ་ཐོན། །

གཤོལ་དང་གཉའ་ཤིང་རིག་པའི་རྩལ་གྱིས་བསྐྲུན། །

ལྷོད་ཀྱིས་གནས་པའི་ཐང་ཆེན་ཞིང་ལ་བསྒྱུར། །

གཙང་བོའི་སྐེད་པར་ཟམ་གྱི་སྐ་རག་བཅིངས། །

འཚོ་བའི་འཕེལ་རྒྱས་ཡར་ཚེས་ཟླ་བར་འགྲན། །

ལྷ་ཡི་ལྷ་ཕྲུག་ལྷ༵་བུ༵་མགོ་དཀར༵་ཏེ། །

བཙན་པོའི་ཁྲི་འཛིན་ཨེ་ཤོ་ལེགས་ཀྱི་བློན། །

ཐབས་མཁས་ཐུགས་རྗེ་ཤཱཀྱའི་རྒྱལ་སྲས་བཞིན། །

ཞིང་འབྲོག་འཚོ་བའི་དཔལ་ཡོན་ཆེ་རུ་བསྐྱེད། །

རང་བྱུང་ཁོར་ཡུག་མཛེས་པའི་དག་ཞིང་སྟེ། །

འབྲོག་ཡུལ་སྦྲ་ནག་ཅན་ལ་ཐུལ་བརྩིས་བྱས། །

ཆུ་ཡུར་དྲངས་ཤིང་ཞིང་ལ་དོར་ཁ་བརྩིས། །

འདི་ཡང་རྨད་བྱུང་ངོ་མཚར་ལོ་རྒྱུས་དུམ། །

དཀྱེལ་ཡངས་ཆེ་བའི་དོར༵་སྣང༵་བཙུན༵་མོང༵་བུ༵། །

སྟག་རི་གཉན་གཟིགས་འཕྲུལ་གྱི་རྒྱལ་པོའི་བློན། །

འཇལ་བྱེད་བྲེ་སོགས་གཡོ་མེད་དྲང་པོར་བཅོས། །

ཚོང་ལས་རིག་པའི་དར་རྒྱས་ཆེ་རུ་སྤེལ། །

ལྷ་ཡི་ནུས་པ་ཁྱེད་ལ་མི་མངའ་ཡང་། །

ཐབས་ཀྱིས་སྐྱོང་བའི་བོད་ཁམས་དར་ཞིང་རྒྱས། །

ས་ཡི་སྟེང་ན་གསེར་གྱི་དབུ་རྨོག་ཅན། །

སྤུར་རྒྱལ་བོད་ཀྱི་མཚན་སྙན་སྔར་ལས་ཆེ། །

ཤེས་རིག་རྩལ་གྱིས་སྒུལ་བའི་སམ༵་བྷོ་ཊ༵། །

སྤྲུལ་བའི་ཆོས་རྒྱལ་སྲོང་བཙན་དཔའ་བོའི་བློན། །

དེ་ཡི་དཔྱོད་ཤེས་རིག་པའི་རྩལ་ཁ་ལས། །

སྔོན་མེད་བོད་ཀྱི་ཡི་གེ་གསར་དུ་བརྩམས། །

ལས་ཀྱི་སྨོན་ལམ་ཐོག་ཏུ་ཁེལ་བ་འམ། །

འགྲོ་བའི་བསོད་ནམས་དར་ཞིང་རྒྱས་པ་སྟེ། །

དམ་ཆོས་ཉི་མའི་འོད་སྣང་བོད་ལ་དྲངས། །

གླིང་ཆེན་མུན་པའི་དཔུང་ཚོགས་རྒྱང་ལ་བསྐྱལ།།

ས་ཡི་བདག་པོ་ཁྲི་བཟང༵་ཡང༵་སྟོན༵་ཡང་། །

འཁོར་ལོས་དབང་སྒྱུར་སྲོང་བཙན་ལྷ་ཡི་བློན། །

སྟོད་ཀྱི་རི་ཁྱིམ་ཀླུང་དུ་སྤར་བྱས་ཏེ། །

གྲོང་སྡེ་ཞེས་པའི་མཚན་མིང་གསར་དུ་སྦྱར། །

ཧི་མ་ལ་ཡི་རི་རྒྱབ་ཐུ་བྷོད་ཚང་། །

ལོ་རྒྱུས་གསེར་གྱི་རི་མོ་ལམ་མེར་བཀྲ། །

བཀྲ་བའི་རི་མོ་མིག་གི་སྟོན་མོ་འམ། །

རྒྱལ་ཁམས་ཟིལ་གྱིས་གནོན་པའི་ང་རོ་ཡིན། །

དཔའ་མཛངས་ཆེ་བ་ཁྲི་བཟང༵་ཡབ༵་ལྷག༵་སྟེ། །

ས་སྐྱོང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བློན། །

ཁྲལ་འུལ་ལམ་ལུཊ་ལེཊ་པར་བཅོས་བྱས་ནས། །

དམངས་ཀྱི་དཀའ་བ་སེལ་བའི་ཐབས་ལ་སྦྱོར། །

ཡར་ལུང་ཤར་རྒྱུད་འཛིན་མའི་ལྟེ་བ་རུ། །

རླུང་རྟའི་བ་དན་སྙེམས་པའི་མི་རིགས་ཏེ། །

སྲིན་པོ་གདོང་དམར་བོད་ཅེས་བྱ་བ་འདིས། །

གནམ་བསྐོས་རྒྱལ་པོ་སྟོབས་ཀྱིས་ཁྲི་ལས་ཕབ། །

མི་ཡི་མི་མཆོག་སྟག༵་བཙན༵་གདོང༵་གཟིགས་ཏེ། །

ཁྲི་ལྡེ་བཙན་པོའི་བཀའ་ཡི་བློན་པོར་བསྐོས། །

ཕྱི་དགྲའི་རི་དཔུང་སྟོབས་དྲུག་རྩལ་གྱིས་བཅོམ། །

མངའ་ཁང་ཁོད་བསྙམས་རྒྱལ་ཁའི་

ཁྲིམས་བཟང་སྤེལ། །

ཨེ་མ་ངོ་མཚར་ལོ་རྒྱུས་གཏམ་གྱི་རྒྱན། །

ཡིད་མཁར་ཉུལ་བའི་ཚོར་བའི་རྐང་རྗེས་ཤིག །

ཕྲ་ཆུང་མིག་གིས་ལན་གཅིག་མཇལ་བས་ན། །

ཚིག་གི་ཕྲེང་བ་སྐལ་བཟང་སྨོན་པས་བརྒྱུས། །

བདག་ནི་བློ་དང་རིག་པ་མི་ལྡན་ཡང་། །

གང་ཐོས་ཡིད་ལ་འཆར་བའི་ལོ་རྒྱུས་སོགས། །

མི་བརྗེད་ཐོ་རུ་བཀོད་པའི་གོམས་ལོབ་ཀྱིས། །

ཚིག་གི་རོལ་རྩེད་རྩེ་བར་ཧ་ཅང་དགའ། །

  • ལེ་ཚན་སྔོན་མ།:རྨི་ལམ་གྱི་ཁུག་པ་བཅོ་བརྒྱད།
  • ལེ་ཚན་རྗེས་མ།:རང་སྡེར་གྲོས་སུ་ཕུལ་བའི་གཏམ།