ཞོགས་པ་དེ།

ཞོགས་སྒྲ།        2021-12-10

རི་ལུང་ཐང་གསུམ་འཐོར་འཐུང་བརྒྱབ་པ་འདྲ།།

དཔྱིད་ཀྱི་འཆོར་བས་སྣང་བ་མཁའ་ལ་སྤུར།།

ཁུ་བྱུག་མ་བུ་གསུང་སྐད་སྒྲོག་པའི་དུས།།

རླུང་གིས་སིལ་བུ་འཁྱེར་བའི་རྣམ་པ་མངོན།།

གོས་དཀར་གྱོན་པས་བྲེས་པ་རྒོངས་ཁའི་སྤྲིན།།

རང་ཡུལ་ཕྱོགས་ལ་འཁྲན་པའི་སེམས་སོང་གིས།།

བྲེལ་བའི་གོམ་ཁར་གཤོག་པ་སྤྲད་ནའང་།།

སྟེས་དབང་འདི་ཡིས་ད་དུང་བསྡད་དགོས་བྱུང་།།

སེམས་ཀྱི་རི་ལ་རྒྱུ་བའི་སྨུག་པའི་ཚོམས།།

ཡིད་ཀྱི་གཙང་བོར་འབབ་པའི་ཤོད་ཆེན་ན།།

རྨི་ལམ་བཅེར་བས་གྲུ་རྒྱོངས་སྔོན་པོ་ཞིག།

རྒྱང་རིང་གནམ་མཐའི་ས་ན་གཡོ་ཞིང་ཆས།།

བདག་ནི་རི་བོ་འདི་ཡི་རྒྱབ་ལོགས་ན།།

ཕྱོགས་བཞི་ཀུན་ལ་སྐོར་བའི་ཨ་ཁུ་ཞིག།

ཚངས་དབྱངས་རྒྱ་མཚོ་ཕྲད་པའི་ཞོགས་པ་དེ།།

མགུར་གླུ་ཁ་གཞས་གནང་བའི་བསམ་པ་ཡོད།།

མཚམས་རེར་སེམས་ལ་འཁྱག་རོམ་ཆགས་པ་འདྲ།།

ཅི་ཡང་མི་འབྲི་སེམས་པ་རྒུད་ན་སྙམ།།

གང་ཡང་མ་རྩལ་ཤེས་རབ་སྦས་ན་འདོད།།

  • ལེ་ཚན་སྔོན་མ།:སེམས་ཀྱི་མཆོད་སྟེགས་སྟེང་གི་ལྷ་མོ།
  • ལེ་ཚན་རྗེས་མ།:རྨི་ལམ་གྱི་ཁུག་པ་བཅོ་བརྒྱད།