སེམས་ཀྱི་མཆོད་སྟེགས་སྟེང་གི་ལྷ་མོ།

གྱིན་འདའ་བ།        2021-12-08

ཉོན་མོངས་རྡུལ་དམར་འཚུབ་པའི་འཁོར་བ་ནས།།

ང་ཡི་ཚོར་བའི་མེ་ལོང་སྐྱ་བོ་རུ།།

ཤེས་རབ་འོད་ཀྱི་ཁ་དོག་ཕབ་པ་པོ།།

སེམས་ཀྱི་མཆོད་སྟེགས་སྟེང་གི་མཉེས་གཤེན་མ།།

གཙུག་ལག་རིག་པའི་གྲུ་ཆར་སྩོལ་ཅིག་གུ།།

འཇིག་རྟེན་སྒྲུན་རྩོད་རྒོད་པའི་ཐང་གཤོངས་ནས།།

ང་ཡི་ཚོགས་དྲུག་ཡུལ་གྱི་སྣང་ཁམས་སུ།།

རིག་པའི་གཡེར་དྲིལ་ཐོགས་པའི་ལྷ་མོ་སྟེ།།

སེམས་ཀྱི་ལྡིང་ཁང་དབུས་ཀྱི་ཡིད་འཕྲོག་མ།།

གཙུག་ལག་རིག་པའི་གྲུ་ཆར་སྩོལ་ཅིག་གུ།།

སྣ་ཚོགས་ཡོ་ལོང་རྒོད་པའི་གྲུ་ཁ་ནས།།

རྟོག་པ་སེམས་འགྱུ་རླབས་རིས་སྐྱོམ་ན་ཡང་།།

རིང་ནས་ཡིད་མཁར་བཞུགས་པའི་ལྷ་སྐལ་སྟེ།།

དད་པའི་མདུན་མཁར་འཚེར་བའི་སྒེག་འཆང་མ།།

གཙུག་ལག་རིག་པའི་གྲུ་ཆར་སྩོལ་ཅིག་གུ།།

འཁྲུལ་སྣང་སྒྱུ་མའི་གར་སྟེགས་ཁྲ་ཁྲ་ནས།།

ཐོལ་སྐྱེས་འོག་འགྱུ་ཚོར་བ་རྟག་བརྡོལ་རུང་།།

སྙན་ཚིག་ཕུད་ཀྱི་མཆོད་ཆང་དམར་པོ་དེ།།

སེམས་ཀྱི་སྙིམ་པས་བཏེགས་ཡོད་དཀྱེལ་ཡངས་མ།།

གཙུག་ལག་རིག་པའི་གྲུ་ཆར་སྩོལ་ཅིག་གུ།།

མག་མོག་སེམས་ཀྱི་སྤྱི་ཁང་འཁྱག་པ་ནས།།

དགའ་སྐྱོའི་ཚོར་འདུས་ཚོར་བར་ཐ་རམས་ཀྱང་།།

ལས་ཀྱི་བཤུལ་ལམ་ཐེགས་པའི་འཕྱན་པ་ལ།།

ཚིག་གི་མེ་དཔུང་སྦར་བའི་དབྱངས་ལྡན་མ།།

གཙུག་ལག་རིག་པའི་གྲུ་ཆར་སྩོལ་ཅིག་གུ།།

  • ལེ་ཚན་སྔོན་མ།:ལས་ཀྱི་རྟ་ཕོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།