ཅི་ཡིན་ཆ་མ་མཆིས་པའི་འཕྲིན་པ།

ཤེལ་དཀར་པོ།        2021-12-08

གྲོགས་པོ། དོ་ནུབ་ང་ཡོད་ས་ནི་དང་ཐོག་ཁྱོད་ཆེས་ཐོག་མའི་ལམ་ལ་ཆས་ས་དེ་ཡིན། དེ་ལས་ཀྱང་དོ་ནུབ་ནི་ས་གཞི་ལ་དྲོད་གཤེར་རྒྱས་ནས་མྱུ་གུ་འབུས་པའི་དཔྱིད་དུས་ཀྱི་མཚན་མོ་ཞིག་ཡིན་མོད། འོན་ཀྱང་དོ་ནུབ་ནི་དགུན་ཁ་ལྟར་ལྷགས་རླུང་གིས་རབ་ཏུ་བཅུམས་པའི་མཚན་མོ་ཞིག་རེད། ད་དུང་ཁ་བའི་ཚོགས་ཀྱང་རླུང་བུའི་ངུ་ཤུམ་གྱི་ཁྲོད་ནས་ཁ་ཕྱོགས་བོར་ཏེ་སྟོང་སངས་ན་ལྡིང་སྐོར་རྒྱག་གིན་འདུག མུ་ནས་མུ་རུ་འབྱིན་པའི་སྒོ་ཁྱིའི་ཟུག་སྐད་དེའང་དེ་དག་གི་དངངས་མཐའ་ནས་འཐོར་བའི་གཅོང་སྐད་ལོས་ཡིན་སྙམ། ངའང་དྲོས་མ་ཐུབ་པའི་མལ་ཁྲི་ཆུང་ཆུང་ཞིག་ནས་དོགས་སྣང་དང་བཅས་ཏེ་ཁྱོད་ལ་འཕྲིན་ཐུང་ཞིག་འབྲི་བཞིན་ཡོད། འོ། མ་རེད། རང་གི་ཉིན་རེའི་ལས་བྱ་ལྟར་གྱུར་པའི་ཉིན་ཐོ་དེ་འབྲི་བཞིན་ཡོད།

གྲོགས་པོ། སྤྱིར་འཕྲིན་ཡིག་དང་ཉིན་ཐོ་འབྲི་བར་ཆ་རྐྱེན་དང་སྐས་རིམ་འགའ་ལ་མཉམ་འཇོག་དགོས་པ། ཆུང་འབྲིང་གི་ཁོ་ར་ཁོར་ཡུག་དེ་ནས་ནན་གྱིས་དང་ལེན་ལ་ཕྱོགས་མྱོང་མོད། འོན་ཀྱང་ངས་དེ་དག་གང་ལའང་མ་བསྟུན་པར་འབྲི་བཞིན་ཡོད། རྒྱུ་མཚན་ནི་ངས་འབྲི་བཞིན་པའི་ཡི་གེ་དེ་དག་འཕྲིན་ཡིག་དང་ཉིན་ཐོ་གང་ཞིག་ཡིན་པ་ང་ལའང་ཆ་མ་འཚལ་བས་སོ།།

གྲོགས་པོ། སློབ་གྲྭ་ཞེས་པའི་དྲོད་ཁོལ་གྱི་གཞིས་ཁྱིམ་ནས་ང་ནི་ཁྱོད་ལ་ཕྲད་ཅིང་། དགེ་རྒན་ཟེར་བའི་སེམས་དཔའ་དེའི་བྱམས་བརྩེའི་འོག་ནས་ངས་ད་གཟོད་ཁྱོད་རང་ངོ་ཤེས་ལ། སློབ་གྲོགས་ཟེར་བའི་མིང་བྱང་དེ་འུ་ཅག་ཕན་ཚུན་ལ་ཐོགས་པ་ནས་ང་ནི་ཁྱོད་དང་འདྲིས་མགོ་བརྩམ། ཏག་ཏག་དེའི་རྗེས་སུ་ལོ་ཟླ་ཞེས་པའི་བསིལ་རླུང་དེ་ལྡང་ནས་ང་ནི་ཁྱོད་ལ་གཞི་གཅིག་ཏུ་འདྲེས་པར་གྱུར། དེ་དུས་ལོ་ཟླ་དེ་ནི་འཇིག་རྟེན་གང་དང་གང་ནས་ཀྱང་རྙེད་དུ་མེད་པའི་རོལ་དབྱངས་སྟོང་གི་འགྱུར་ཁུགས་རེད་ཅེས་ཁྱོད་ཀྱིས་ང་ལ་ནན་དུ་བཤད། ལོ་ཟླ་དེ་ནི་འོད་སྣང་འབུམ་གྱིས་བསྐྱེད་པའི་ཉི་མའི་གཟི་དཔལ་རེད་ཅེས་ཁྱོད་ཀྱིས་ཀྱང་ང་ལ་མང་དུ་བསྙད།

གྲོགས་པོ། ང་ཚོས་སློབ་གྲྭ་ནས་ལོ་ཟླ་ནི་མི་རྟག་པའི་རང་བཞིན་ཡིན་མིན་མ་ཤེས་པ་ནས་ཤེས་པའི་གོ་རིམ་ལ་འཇུག་མ་ཐག། ལོ་ཟླ་ཞེས་པ་དེ་སླར་ཡང་དྲག་ཏུ་ལྡང་ནས་ང་ཚོ་རང་རང་གི་ཕྱོགས་སུ་སྤུར་སོང་བ་མཆི་མས་བདེན་དཔང་བྱས་པ་དྲན་ནམ། བྲལ་མ་ཐུབ་པའི་སྡུག་བསྔལ་གྱིས་རབ་ཏུ་ལྕི་བ་སློབ་གྲྭའི་ས་གཞི་ལ་གསལ་ཞིང་གྱེས་མ་འདོད་པའི་སྨྲེང་གཏམ་ཐོལ་དུ་བརྡོལ་བ་སློབ་གྲྭའི་ནམ་མཁར་འདྲི་ཡང་ཆོག། གྱེས་ཁ་མའི་དུས་སུ་དགུང་གི་ཉི་མའང་སེམས་འགུལ་ཐེབས་ཏེ་སྤྲིན་གསེབ་ཏུ་ཡིབ་ནས་ངུས་པའི་མིག་ཆུ་ཆར་དུ་བབས་པ་དྲན་ནམ། ཁྱོས་ཀྱང་ལོས་དྲན་ང་ལ་གསལ་ལྷང་ངེར།

གྲོགས་པོ། དེ་ལྟར་ང་ཚོ་བྲལ་མ་འདོད་ཀྱང་གྱེས་དགོས་པ་ནི་ཆོས་ཉིད་ཀྱི་རང་བཞིན་བཟློག་ཏུ་མེད་པ་ཞིག་ཡིན་པ་ཤེས་བཞིན་དུ་ཨུ་ཚུགས་ཀྱིས་ངང་ནས་རང་རང་གི་ཕྱོགས་སུ་མེ་སྟག་བཞིན་མཆེད་སོང་། མཆེད་པ་དེའི་ཉམས་ལ་བལྟས་ན་མཆེད་ཚུལ་དེ་དྲགས་སོང་བས་ལོས་ཡིན་སྙམ། མེ་སྟག་གི་རྡུལ་དང་དེའི་འོད་ཀྱི་ཁ་དོག་དེ་གཉིས་ངོ་བོ་དབྱེར་མེད་དུ་ཆགས་འདུག་པས། མེ་རྡུལ་དེ་མཆེད་པ་རིང་ནས་རིང་དུ་སོང་བས་ངའི་མིག་ལམ་ནས་ཀྱང་ཆུང་ནས་ཆུང་དུ་གྱུར་ཏེ་མཐར་གང་དུ་འཐིམས་པའང་མ་ཤེས་པ་དང་བསྟུན་དེའི་ཁ་དོག་དེའང་རང་བཞིན་དེ་ལས་མ་འདས། ད་དུང་དཔེ་དེའི་དཔེ་ཅན་དུ་གྱུར་པའི་ཁྱོད་ཀྱང་ངའི་མིག་ཤེལ་གྱི་མཐོངས་ལས་རིང་དུ་ཡལ།

གྲོགས་པོ། ཁྱོད་ནི་རང་གི་ངལ་བས་བསྩལ་བའི་སྐར་གྲངས་ཀྱིས་གདམས་པའི་སློབ་ཆེན་ན་གང་ཞིག་གི་སླད་དུ་འདུར་ཀྱིན་འདུག་ཟེར། ཡང་ཁྱོད་ནི་མི་དམངས་ཀྱི་གཉའ་ནས་ཞོན་པའི་མྱི་ཆེན་ཚུལ་དུ་འགྱིང་འདུག་ཟེར། ཡང་ཁྱོད་ནི་སུ་དང་གང་གི་མིག་མངས་ཀྱི་རྡེའུ་ནག་པོ་ཞིག་ཆགས་འདུག་ཟེར། དེ་དག་ལ་ཉན་ན་རྒྱའི་རྩོམ་པ་པོ་ཙང་ཁུ་ཅ་(臧克家)ཡི་མི་ལ་ལ《有的人》ཞེས་པའི་སྙན་ངག་དེའི་མཚོན་པར་བྱས་པའི་འཚོ་བའི་གྲུ་ག་རེ་རེའི་ཁྲོད་ཀྱི་མི་བུ་དག་གི་ངོ་གདོང་དྲན་ཡོང་ལ། དེ་དང་ལྷན་དུ་ང་རང་ཉིད་ཀྱང་གང་དུ་གཏོགས་སམ་སྙམ་པའི་དོགས་འདྲི་ཁ་ཤས་ཀྱིས་རང་ལ་སྨྲ་བ་འཁུམས་སུ་བཅུག། དེ་དག་ནི་རང་རང་གི་འཚོ་ཐབས་སུ་འདོད་ཀྱང་ང་ཚོ་ལ་རང་གི་མི་རིགས་དང་ཕ་ཡུལ་ཞེས་པའི་གནས་མལ་དྲོན་པོ་རེ་ཡོད།

གྲོགས་པོ། ངས་ཉིན་ཐོ་དེ་འཕྲིན་པ་ཞིག་གི་ཚུལ་དུ་འབྲི་བཞིན་འབྲི་བཞིན་ང་ནི་ཁྱོའི་རིགས་སུ་ཆད་པའི་སློབ་གྲོགས་ཤིག་ཡིན་པ་ཁྱོད་ཀྱིས་བརྗེད་ཨེ་ཡོད་སྙམ། རྒྱུ་མཚན། སྔོན་ཆད་ཁྱོད་ང་དང་གྱེས་སྐབས་ཕྱི་མིག་དང་སྐད་ཆ་གང་ཡང་མེད་པའི་དབང་གིས་ཡིན། ཡང་འདི་ལྟར་མུ་མཐུད་དེ་བྲིས་ན་ངས་རང་ཉིད་ལ་ཚོད་འཛིན་ཡེ་ནས་མེད་པར་ཁྱོད་ཀྱི་མཚུངས་ཆོས་ལ་ཁྱི་ཚོགས་ནང་དམུར་བྱེད་པའི་ཟློས་གར་ཞིག་སྦྱར་ནས་སྤྱི་ཚོགས་འདིའི་འདྲ་འབག་མཚོན་ཐབས་བྱེད་ངེས། འོན་ཀྱང་དེ་ཡིས་ངལ་བ་མ་མཆིས་ལ། གང་ལྟར་ད་ལྟ་ཁྱོད་རང་རི་ཆུའི་གཞུང་དང་གླིང་ཕྲན་གྱི་མཐའ་བརྒལ་ཏེ་རིང་དུ་གྱེས་ཀྱང་ཁྱོད་ཀྱི་ནང་སེམས་ཀྱི་ཁ་ཕྱོགས་དེ་ཕྱིར་རང་ཡུལ་དུ་ལོག་རོགས།

གྲོགས་པོ། དོ་ནུབ་ང་ཡོད་ས་ནི་དང་ཐོག་ཁྱོད་ཆེས་ཐོག་མའི་ལམ་ལ་ཆས་ས་དེ་ཡིན།

  • ལེ་ཚན་སྔོན་མ།:རི་སྐྱེས་མེ་ཏོག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།