བྲག་མགོ་རྫོང་རྒྱ་མདའ་སློབ་ཆུང་གིས་བྱེད་སྒོ་འདི་འདྲ་ཞིག་སྤེལ།

ལོ་ཤུལ་བཀྲ་ནོར།        2021-12-08

སྤྱི་ཟླ12པའི་ཚེས1ཉིན་གྱི་ཕྱི་དྲོར། བྲག་མགོ་རྫོང་རྒྱ་མདའ་འཇམ་དབྱངས་ཀུན་ཕན་སློབ་ཆུང་གིས་སྐབས་དྲུག་པའི་གནའ་བྲོ་འགྲན་བསྡུར་གྱི་བྱེད་སྒོ་ཞིག་སྤེལ་བ་རེད།

སྤྱིར་སློབ་གྲྭ་ནི་སྣ་མང་ཤེས་བྱ་དར་སྤེལ་དང་རྒྱུད་འཛིན་བྱ་ཡུལ་གྱི་གནས་མཆོག་ཏུ་གྱུར་པ་ཞིག་ཡིན་ཕྱིར་སློབ་གྲྭ་ཆེ་ཆུང་གང་དུའང་འཚོ་བའི་རིག་གནས་ཏེ་གླུ་གར་སོགས་ལ་སློབ་སྦྱོང་དང་སྦྱོང་བརྡར་བྱེད་རྒྱུ་ནི་སློབ་ཁྲིད་ཀྱི་ཐབས་ལམ་གཞན་ཞིག་དང་མཚུངས་ལ། སློབ་རའི་བྱེད་སྒོ་གང་ཞིག་ཡིན་ནའང་བྱིས་པ་དག་གི་ལུས་ངག་ཡིད་གསུམ་གྱི་རྨོངས་པ་སེལ་བར་བྱེད་པའི་སྤྲོ་སྣང་གི་འཚར་ལོངས་བྱུང་ཐབས་ཤིག་ཡིན།

གནའ་བོའི་མི་རབས་ཀྱི་འཚོ་བ་དང་གོམས་གཤིས་འདྲེས་པའི་དམངས་ཁྲོད་རིག་གནས་དག་ནི་མི་རིགས་ཤིག་གི་སྒྱུ་རྩལ་ཡིན་ལ། དེ་བཞིན་དུ་དམངས་ཁྲོད་ལས་བྱུང་བའི་གནའ་བྲོ་འདི་ཡང་ཕ་མེས་གོང་མ་ནས་བཞག་པའི་མི་རིགས་ཤིག་གི་རིག་གནས་ཀྱི་མ་ལག་གལ་ཆེན་ཞིག་ཏུ་གྲུབ་ཡོད། འདི་དག་གོང་འཕེལ་དང་རྒྱུད་འཛིན་ནི་འུ་ཅག་གི་འོས་འགན་ཏུ་ཡོད་ཕྱིར་ཐེངས་འདིར་ངེད་སློབ་གྲྭའི་སློབ་མ་ཁང་གིས་གཙོར་བྱས་ཏེ་གནའ་བྲོ་འགྲན་བསྡུར་བྱེད་སྒོ་འདི་སྤེལ་བ་ཡིན།

རེབ་འདིའི་འགྲན་བསྡུར་ལ་འཛིན་བདག་དགེ་རྒན་རྣམས་གཙོར་བྱས་ཐོག་དགེ་རྒན་སོ་སོའི་ལྷག་བསམ་དང་འཇོན་ནུས་ཀྱིས་ཟླ་བ་གཅིག་ཙམ་གྱི་རིང་ལ་སློབ་མར་གནའ་བྲོའི་འཁྲབ་སྟངས་བསླབས་ཏེ་མཐུན་རྐྱེན་མང་ཙམ་བསྐྲུན། ཉིན་འདིར་སློབ་གྲྭའི་སློབ་མ་ཡོངས་འགྲན་སྡུར་ལ་ཞུགས་ཤིང་འགྲན་སྐོར་དྲུག་ལ་དབྱེ་ནས་ལོ་རིམ་རེ་ལས་ཨང་དང་པོ་རེ་རེ་བདམས་པ་རེད། ཏྲེ་ཧོར་གནའ་བྲོའི་རིག་གནས་ལ་ཆེད་སྦྱངས་མཁན་གྱི་དགེ་རྒན་རིག་དགའ་དང་ཡ་མ་ཆོས་སྒྲོན་གཉིས་ཆེད་དུ་དཔྱད་འདེམས་པར་གདན་ཞུ་བྱས་ཏེ་འགྲན་སྡུར་གྱི་བྱེད་སྒོར་དཔྱད་བརྗོད་དང་སློབ་སྟོན་གནང་ལ། རང་སློབ་གྲྭའི་སློབ་གཙོ་ཚེ་དབང་ཕྱུག་གིས་བྱེད་སྒོར་མཐོང་ཆེན་བྱས་ཤིང་།བྱ་བའི་གོ་རིམ་ལ་མཛུབ་སྟོན་དང་ཕྱོགས་སྡོམ་བྱས་ཐོག་ཨང་རིམ་དུ་ཚུད་པའི་འཛིན་གྲྭ་སོ་སོར་ཁ་བཏགས་དཀར་པོ་རེ་དང་ལྷན་དུ་གཟེངས་དངུལ་དང་། གཟེངས་རྟགས་བཅས་སྤྲད་པ་རེད།

མཇུག་ཏུ་བྱ་བ་ལམ་འགྲོ་འོང་བའི་རྟེན་འབྲེལ་དུ་གནའ་བྲོའི ༼ བཀྲ་ཤིས༽ ཞེས་པའི་ཚན་པ་དེ་བཀོད་སྒྲིག་བྱས་ཏེ་དགེ་སློབ་ཡོངས་ཀྱིས་མཉམ་འཁྲབ་བྱས་ནས་བྱེད་སྒོའི་མཇུག་ཕུན་སུམ་ཚོགས་པའི་ངང་ནས་གྲིལ་བར་བྱས་སོ།།

  • ལེ་ཚན་སྔོན་མ།:བྲག་མགོ་རྫོང་གིས་བོད་སྐད་ཀྱི་ལམ་ནས་ཁ་ལོ་བའི་ལག་ཁྱེར་རྒྱུགས་སྤྲོད་པའི་བྱེད་ཐབས་སྤྱད་དེ་མང་ཚོགས་ལ་དངོས་ཕན་ཐོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།