བོད་ལྗོངས་ཀྱི་ཞིང་འབྲོག་དམངས་ཁྲི200ལྷག་ འཐུང་ཆུའི་དཀའ་ངལ་ལས་ཐར།

ཨ་མགོན་གྱིས་བསྒྱུར།        2021-12-08

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་སྤྱི་ཟླ12པའི་ཚེས1འབྱོར་བའི་གློག་འཕྲིན། དེ་སྔོན་དགུན་དུས་སླེབས་སྐབས། བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཡུལ་ཤོག་མི་ལོག་གྲོང་སྡེའི་གྲོང་མི་འགྱུར་རྡོས་ཉིན་ལྟར་ཆུ་ཡུར་ནས་ཆུ་ལེན་སར་ཐེངས་གསུམ་བཞི་ཙམ་སྐྱོད་དགོས་ཀྱི་ཡོད། མི་དང་ནོར་ལུག་གིས་འཐུང་བའི་ཆུ་གཅིག་པ་ཡིན་པར་མ་ཟད། སྐབས་འགར་ཆུ་མང་ཆེ་བ་ནོར་ལུག་གིས་བཏུངས་ནས་མིའི་འཐུང་ཆུར་དཀའ་ངལ་འཕྲད་ཀྱི་ཡོད། “ཉེ་བའི་ལོ་ཤས་རིང་ཆུ་ཀ་ལ་ཁྲིད་པས་ཆུ་ལེན་པར་སྐྱོད་དགོས་ཀྱི་མི་འདུག་ལ་འཐུང་ཆུ་ཡང་གཙང་མ་འདུག”ཅེས་འགྱུར་རྡོར་གྱིས་དེ་ལྟར་བཤད། ཇོ་རྡོར་གྱིས་ཁང་པའི་ཕྱི་ནང་གི་ཆུ་ཀ་ལའི་གཅུས་སྒོ་ནས་ཆུ་གློད་པས། དྭངས་ཤིང་གཙང་བའི་ཆུ་ཤག་སྒྲ་དང་བཅས་དོན་པས་ཁོའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།

གསར་འགོད་པས་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་དོན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ70རིང་ལ། ཏང་དང་སྲིད་གཞུང་གིས་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཚོའི་འཐུང་ཆུའི་དཀའ་ངལ་སེལ་ཆེད།རྒྱུན་མཐུད་དུ“མ་ཡུམ་ཆུ་དོང”སོགས་གཅིག་བསྡུད་ལས་གྲྭ་ལག་ལེན་བྱས་པ་རེད།ཁྱད་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱིས་ཞིང་སྡེའི་འཐུང་ཆུ་ཉེན་མེད་གནད་དོན་ཐག་གཅོད་བྱ་རྒྱུ་དེ་མཐིལ་ཚད་ལས་འགན་དང་གལ་ཆེའི་ནང་གི་གལ་ཆེན་ལ་བརྩིས་པ་རེད། ད་སྔའི་བར། བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་ཉེན་མེད་གནད་དོན་གཞི་རྩའི་ཐོག་ཐག་གཅོད་བྱས་ནས་ཞིང་འབྲོག་མང་ཚོགས་ཁྲི200ལྷག་ལ་ཕན་པ་ཐོབ་པ་རེད།

བོད་ལྗོངས་ཀྱི་ཆུའི་ཐོན་ཁུངས་དང་ཆུའི་ནུས་པའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡིན་ཞིང་། མངའ་ཁོངས་སུ་ཆུ་བོ་དང་གཙང་པོ་འཕྲེད་གཞུང་བྱེད། མཚེའུ་ཡིས་ཁྱབ་པས“ཡ་གླིང་གི་ཆུ་མཛོད”ཅེས་མཚན་སྙན་ཡོད་པ་རེད།

དེང་སང་བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་ཕལ་ཆེར་ཉེན་མེད་འཐུང་ཆུ་ཁྲིད་ཡོད་པས་ཆུ་སྦུག་མཆུ་ཏོ་གཅུ་ཙམ་བྱས་ན་ཉེན་ཁ་མེད་པའི་འཐུང་ཆུ་འབབ་ཡོང་བར་བརྟེན། མང་ཚོགས་ཀྱི་འཐུང་ཆུ་ཉེན་མེད་ཡོང་བར་འགན་སྲུང་བྱས་པས་མ་ཚད། ཞིང་སྡེའི་ངལ་རྩོལ་མི་ལག་བཅིངས་འགྲོལ་བཏང་ནས་གཞོན་ནུ་དར་མའི་ངལ་རྩོལ་མི་ལག་གིས་ཆུ་འཚོལ་བ་དང་ཆུ་འཁུར་བའི་རྣམ་པ་ལས་ཐར་ཏེ་ཡུལ་གྲོང་དར་རྒྱས་ཀྱི་ཕྱུག་འགྱུར་བྱེད་པའི་ནང་ཞུགས་ཆོག་པ་རེད།

བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྤུ་ཧྲེང་རྫོང་ཁོག་རྒྱབ་གྲོང་སྡེའི་གྲོང་དམངས་ལྷག་པས་ལོ13ལ་ཁྱིམ་གཞིས་མགྲོན་ཁང་ཚོང་གཉེར་བྱས་པ་རེད། མོས་གསར་འགོད་པར་སྔོན་ཆད་ཆ་རྐྱེན་འཛོམས་མེད་པས་ཡུལ་སྐོར་བྱེད་ས་ཡོང་མཁན་ཚོ་སྡོད་ཆེ་ན་ཉིན་གཅིག་མ་གཏོགས་མི་བསྡད་ནས་རྫོང་ཐོག་ལ་འགྲོ་ལེ་རེད།གཞེས་ནིང་ལོར་སྡོད་ཁང་གསར་པ་བཀབ་ནས་རང་འབབ་ཆུ་སྦུག་ཁྲིད་པ་དང་ཆུ་གཏོང་ཆོག་པའི་ཆབ་ཁང་བཟོས་ནས་འཚོ་བའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་བཤད་པ་རེད། ལྷག་པས་གྲོང་སྡེའི་ནང་ཆུ་གཏོང་ཆོག་པའི་ཆབ་ཁང་ལས་མཁན་མང་པོ་ཡོད། དེ་ནི་གཙང་སྦྲ་ཡིན་ལ། དྲི་ངན་མེད་པས་དངོས་གནས་ཡག་པོ་རེད་ཅེས་བཤད་པ་རེད།

གཞི་གྲངས་ཐོག་ནས་མཚོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར43.24བཏང་ནས་ཞིང་སྡེའི་འཐུང་ཆུ་ཉེན་མེད་ཀྱི་ལས་གཞི17581ལེགས་བཅོས་རིམ་སྤོར་བྱས་པ་རེད།བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་སུན་ཞན་ཀྲུང་གིས་ཕྱིན་ཆད་བོད་ལྗོངས་ཀྱིས་གཞི་ཁྱོན་ཅན་གྱི་འཐུང་ཆུ་གཅིག་བསྡུད་ཀྱི་མཁོ་འདོན་བྱེད་སའི་ལས་གྲྭ་ལག་ལེན་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་འདོན་སྤྲོད་བྱེད་སའི་ཆུ་སྦུག་དྲ་བ་མཐའ་སྐོར་གྱི་ཞིང་སྡེ་ལ་རྒྱུན་སྲིང་བྱས་མཐར། མང་ཚོགས་དེ་བས་མང་པོར་ཉེན་མེད་འཐུང་ཆུ་དང་བློས་འཁེལ་ཆོག་པའི་འཐུང་ཆུ། དྭངས་གཙང་གི་འཐུང་ཆུ་འཐུང་རྒྱུ་རག་ཏུ་བཅུག་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།།

  • ལེ་ཚན་སྔོན་མ།:གསེར་རྟ་དང་རོང་བྲག་རྫོང་ལ་རྟེན་འབྲེལ་ཞུ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཡུལ་ལས་ཞུགས་མི་སྣ་ཁྲི30གསར་སྣོན་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།