མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཡུལ་ལས་ཞུགས་མི་སྣ་ཁྲི30གསར་སྣོན་བྱ་རྒྱུ།

ཨ་མགོན་གྱིས་བསྒྱུར།        2021-12-08

ཞིན་ཧྭ་གསར་འགྱུང་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་གྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་ལས་ཞུགས་དམིགས་ཡུལ་ནི་གྲོང་ཡུལ་དུ་ལས་ཞུགས་མི་སྣ་ཁྲི30གསར་སྣོན་བྱ་རྒྱུ་ཡིན་པ་དང་། ཡུལ་གྲོང་གི་ལས་ཤོར་བརྟག་དཔྱད་བྱེད་ཚད་བརྒྱ་ཆ5.5ཡས་མས་སུ་ཚོད་འཛིན་བྱ་རྒྱུ། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་བ་མིའི་ཐེངས་གྲངས་ཁྲི500ལས་ཞུགས་སྤོ་སྒྱུར་བྱས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་ཚད་བརྒྱ་ཆ85ཡི་ཡན་ཆད་སྲུང་འཛིན་བྱ་རྒྱུ་ཡིན་པ་རེད།

ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས་བཀྲམ་པའི《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ལས་ཞུགས་སྐུལ་འདེད་འཆར་འགོད》ནང་བཏོན་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་ལོ་ཚད་ཀྱི་མི་འབོར་ལ་ཆ་སྙོམས་སློབ་གསོ་ཐོབ་ཚད་ལོ10.5ལ་ཟིན་རྒྱུ་དང་ཁ་གསབ་རང་བཞིན་གྱི་ལས་རིགས་ནུས་རྩལ་མིའི་ཐེངས་གྲངས་ཁྲི50(མིའི་ཐེངས་གྲངས་ཁྲི5ལ་ལས་གཏོད་གསོ་སྦྱོང་ཚུད་པ)ལ་གསོ་སྦྱོང་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ནུས་རྩལ་ངལ་རྩོལ་པའི་བསྡོམས་འབོར་ཁྲི42ལ་ཟིན་རྒྱུ། ངལ་རྩོལ་པའི་བྱང་ཚད་མངོན་གསལ་ཇེ་དྲག་ཏུ་བཏ་ནས་ལག་རྩལ་དང་ནུས་རྩལ་གྱི་ཤེས་ཡོན་མི་སྣའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་གྲུབ་ཚུལ་སྔར་ལས་ལུགས་མཐུན་བྱ་རྒྱུ་ཡིན་པ་རེད།

ལས་ཞུགས་བྱ་བར་སྐུལ་སྤེལ་གཏོང་བའི་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་ཡོད་པར་བརྟེན། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་གནོན་ཤུགས་སྔར་བཞིན་ཆེ་བ་དང་། “ལས་ཞུགས་དཀའ་བ”དང“ལས་མི་བསྡུ་དཀའ་བའི”གནས་ཚུལ་མཉམ་དུ་གནས་ཡོད། སྲོལ་རྒྱུན་གྱི་ལས་ཞུགས་ལས་གནས་མཁོ་འདོན་བྱེད་ཚད་ལ་ཁ་གཏད་ཐེབས་པས། ནུས་རྩལ་འཇོན་མི་གསོ་སྐྱོང་ལ་འགྲན་སློང་གསར་པ་འཕྲད་པའི་རྐྱེན་གྱིས་ལས་ཞུགས་ཀྱི་དུས་བབ་སྔར་ལས་སྣ་མང་ཡིན་པ་དང་རྙོག་འཛིང་ཇེ་ཆེ་རུ་གྱུར་ཡོད་པ་རེད།

དེར་བརྟེན། མཚོ་སྔོན་ཞིང་ཆེན་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་ཞུགས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ལས་ཞུགས་ཀྱི་དམིགས་བསལ་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་ནས། ལས་ཞུགས་བརྟན་བརླིང་དང་རྒྱ་བསྐྱེད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་བསལ་གྱི་དམིགས་ཡུལ་དུ་བརྩིས་ཏེ། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྱུར་རིམ་སྤོར་ཁྲོད་ལས་ཞུགས་བར་མཐོངས་རྒྱ་ཇེ་ཆེར་གཏོང་བ་དང་། ལས་ཞུགས་ཀྱི་གཤོང་ཚད་ཇེ་ཆེ་རུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་བཏང་ནས་ལས་ཞུགས་ལས་གནས་བསྐྲུན་པ་དང་ལྷག་པར་དུ་སྤུས་ཚད་མཐོ་བའི་ལས་ཞུགས་ལས་གནས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་འཕར་སྣོན་དང་ལས་ཞུགས་རྒྱ་བསྐྱེད་ཟུང་འབྲེལ་གང་ལེགས་བྱ་རྒྱུ་ཡིན་པ་རེད། །

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་ཞིང་འབྲོག་དམངས་ཁྲི200ལྷག་ འཐུང་ཆུའི་དཀའ་ངལ་ལས་ཐར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།