ནོངས་འགྱོད།

        2021-12-13

ཞེན་ཆགས་ཀྱི་ཟབ་ནན་དེས།

མིག་ཟུང་ཁྲག་ལ་བསྒྲེས་བྱུང་།

སྙན་པའི་བྲག་ཅལ་དེའི་རྗེས་སུ།

འཁྲུལ་སྣང་གི་ཟློག་གར་འཇགས་དུས་མི་འདུག།

མུན་ནག་གི་སྣེ་མོར།

འོད་ཟེར་གྱི་རལ་གྲི་རྣོ་བས།

མ་འོངས་པའི་ནམ་མཁའ།

དུམ་བུ་དུམ་བུར་གྱུར།

ཕྱི་ཚུལ་གྱི་ལག་པའི་འཇམ་ཤ།

རྨི་ལམ་དུ་ཡང་འཆར་མི་སྲིད་པ་ཞིག་རེད།

མུ་མཐའི་གྲོང་རོང་དུ།

འཇའ་ཚོན་འཁོར་སྲིད་དམ།

ལན་ཆགས་ཀྱི་ལག་དམར་གདོང་ཐུག་རྒྱག་ཀྱང་སྲིད།

དངོས་ཡོད་ལས་ཡོལ་བའི་སྣང་བརྙན་དེ་

འཆད་འདོད་མེད་ཀྱང་།

རླུང་དམར་གྱི་འཆར་གཟུགས་དེས་

གཡོལ་ཐབས་མ་བྱུང་།

སྡིག་སྒྲིབ་ཀྱི་དྲེད་པ་མཐུག་པའི་མིག་ཟུང་།

ད་ནི་ཁྱོད་ཀྱི་ཡིད་ཡུལ་དུ་ཇི་ལྟར་མངོན།

བདེན་ལུགས་འཆད་པའི་སྨྲ་ལྕེ་དེ་ཚོ།

སུ་ཡི་གྲིབ་མ་རུ་གཞའ་སོང་།

སྨུག་ལོང་དུ་ལུས་པའི་སྐྱེ་བ་དེ་ཚོ།

ངས་ཕྱོགས་བཞི་གང་གི་ཁ་ཕྱོགས་རྙེད་ཀྱིན་མི་འདུག།

ཀྱེ་མ་ཞེན་ཆགས་ཀྱི་ནམ་མཁའ་རུ།

དུས་བཞི་རིམ་གྱིས་ཚེས་འོང་།

དཀྱེལ་ཡངས་ཀྱི་བློ་མིག་དོག་པས།

དུས་བཞིའི་གྲིབ་མ་ཙམ་ཡང་ཤོང་གིན་མི་འདུག།

༼ གུ་དཔལ་ཤིས། ༽


  • ལེ་ཚན་སྔོན་མ།:རང་སྡེར་གྲོས་སུ་ཕུལ་བའི་གཏམ།
  • ལེ་ཚན་རྗེས་མ།:མགུལ་རྒྱན།