ཨ་ཕྱི་མ་གཅེས་མ།

        2021-12-13

《 སྒྲུང་ཐུང་ཡིག་བརྒྱ་མ།》

དེ་རིང་གི་ཞོགས་པའི་སྐྱ་རེངས་དེ་ཤར་ཁ་ནས་དལ་མོར་ཕེབས་ཡོང་། ཉི་འོད་ཡང་ལམ་ལམ་འཕྲོ་ལ། ལམ་ལམ་འཕྲོ་བའི་ཉི་འོད་དེའང་རི་རྩེ་ལ་དལ་མོར་འཕྲོ། མཐོ་སྒང་གི་གྲོང་ཁྱེར་དེའང་དྲོད་ལམ་ལམ་བྱས་བྱུང་། ང་ཚོའི་སྡོད་ཤག་ནང་ནའང་དེ་རིང་ང་མ་གཏོགས་གཞན་དག་ཁ་སང་ནས་གྲོང་ཉུལ་ལ་ཆས་ཚར་འདུག། ང་ཡང་མལ་ལས་ལངས་དེ་ཁ་ནང་ལ་སོ་ཁྲུད་ཅིག་བཟུང་ནས་ཕྱི་རོལ་གྱི་ཁྲུས་ཁང་ལ་སོང་། མགོ་ལུས་སྟེང་ཤོད་མེད་པར་གཙང་དག་ཅིག་བཀྲུས་རྗེས་ཕྱིར་སྡོད་ཤག་ཏུ་ལོགས། ང་ལ་རྒྱུན་དུ་གོམས་སྲོལ་འདི་འདྲ་ཞིག་ཡོད། གཟའ་ཉི་མའི་ཉིན་ཁོམ་སྐབས་མཐའ་དག་པོ་དཔེ་ཀློག་གི་རྫོགས་ཨེ་ཐུབ་ལྟ་མཁན་ཞིག་ཡིན། དེ་རིང་ཡང་སྔར་བཞིན་གཟའ་ཉི་མ་ཡིན་པས། སློབ་གྲྭའི་ནང་གི་སྡོད་ཤག་དག་ཀྱང་དེ་རིང་ནི་ཧ་ཅང་གཙང་མ་དང་སྟོང་བ་ཡིན་པས། རང་ཉིད་ཀུན་ནས་ལྷོད་ལ་འབབ་ཐུབ་པ་ཞིག་ཅི་ལ་མིན། ངས་སྔས་མགོའི་དཔེ་ཅོག་ནང་ནས་གང་འདོད་འདོད་ཀྱི་དཔེ་ཆ་ཞིག་ལག་ལ་བླངས་ནས་ལྟ་བ་ཡིན། དེ་ནི་ད་ལོའི་དུས་དེབ་ཅིག་རེད། ངས་གཟབ་ནན་ངང་ཀློག་པ་ཡིན། ཚན་པ་དང་པོ་བཀླགས་གྲུབ་པ་དང་མཉམ་དུ་ཚན་པ་གཉིས་པ་བཀླགས་པ་ཡིན། ཚན་པ་གཉིས་པའི་ཁ་བྱང་ལ[ ཤིག་དང་ལྗ་བ།]ཞས་བྲིས་འདུག། ཚན་པ་གཉིས་པ་ཀློག་བཞིན་པའི་བར་སྐབས་ཤིག་ལ་ཐོན་དུས་གློ་བུར་དུ་ངའི་ཡིད་ངོགས་ལ་ཨ་ཕྱི་དྲན་བྱུང་། ངའི་ཨ་ཕྱི་ནི་ང་དང་སྲིང་མོ་གཉིས་ཀྱི་ཨ་མ་མ་གཅེས་ཟེར་བ་དེ་ཡིན།

ཕྱིར་དྲན་གྱི་མེ་ལོང་ངོས་ལ་འདས་ཟིན་གྱི་སྒོ་མོ་མི་ཕྱེ་ག་མེད་བྱུང་། ང་རང་ཧ་ཅང་ཆུང་དུས་སུ་ཨ་ཕྱི་མ་གཅེས་མའི་རུམ་ཁ་ནས་འོ་སྤྲི་དང་རྩམ་པ་ལྷན་ཏུ་བཟའ་རུ་བཅུག་ནས། རུམ་ཁ་ནས་དྲོད་ལམ་ལམ་ངང་། ཤིག་དང་ལྗི་བ་སོགས་ཀྱི་མཚོན་པའི་གནའ་གཏམ་མང་པོ་ཞིག་སྐད་ངག་འདར་བཞིན་ང་ལ་གསུངས་མྱོང་། དེ་དག་དྲན་ན་ཤ་བཤིག་པ་ཞིག་ཅི་ལ་མིན། རེ་བས་ཁེངས་བའི་ཞོགས་པ་རེ་ལ་ཨ་ཕྱི་མ་གཅེས་མས་ང་ལ། "བུ་རྒོད་ཡར་ལོངས་ཉལ་མ་འདུག་"ཅེས་ལན་མང་གསུངས། ངས་མགོ་བོ་འཕྲེད་དུ་གཡུག་བཞིན་ "ལང་རྒྱུ་ང་ལང་རྒྱུ་མིན" ཉལ་འདུག་པ་ཡིན། ཉིན་དཀྱིལ་ཙམ་པ་ན་ང་མལ་ནས་ལངས་རྗེས་ཨ་ཕྱི་མ་གཅེས་མ་ཕྱི་རོལ་གྱི་སྒོ་འགྲམ་ན་ལངས་ཏེ་འདུག་ལ། ང་མཐོང་མ་ཐག་ཞལ་ངོ་འཛུམ་གྱིས་གང་ནས། "མ་ལོ་ལངས་བཞག་ནེ" ངས་ལངས་བཞག་པའི་བརྡ་ལ་མགོ་བོ་གུག་གུག་བྱེད་པ་ལས་ཁ་འཇམ་ངག་སྙན་གྱི་སྒོ་ནས་གང་ཡང་ལབ་སྲོལ་མེད། "མ་ལོ་ཉི་མ་དྲོའུ་ཨི་ན" "ཨིན་དོག་ཙམ་དྲོའུ་པཱེ" ཟེར་བཞིན་སྒོ་ལ་བུད། ངས་ངོ་ལ་སྡུག་དགུ་དྲུད་ནས་ཕལ་ཆེར་སྡེ་བའི་ནང་གི་རྒད་པོ་མི་གཞན་ལ་སྒོར་ཁྲི་འགའ་བུ་ལོན་ལ་དགོས་མཁན་ཞིག་དང་ཀུན་ནས་མི་འདྲའམ། "ཨ་མ་མ་གཅེས་ང་ལྟོགས་གི་"ཞེས་བཤད། "འོ་ཡ་མ་ལོ་དོག་ཙམ་སྒུག་དང་ངས་ཟ་མ་ཁྱེར་འོང་ཨཱ་་མ་ལོ" ཕལ་ཆེར་ང་ནི་རྒྱལ་པོ་ཞིག་དང་ཨ་ཕྱི་མ་གཅེས་མ་ནི་གཡོག་པོ་ཞིག་ལོས་ཡིན་སྙམ་པ་ཞིག་རེད། ཨ་ཕྱི་མ་གཅེས་མས་ཕྱི་རོལ་ལ་ཁ་ཟས་ཁྱེར་ནས་ཐོན། ཕར་བལྟས་ཚོད་ཀྱིས་མིག་གི་རིག་མི་རིག་གི་སྤང་གི་མཐའ་མཚམས་ཤིག་ན། ཨ་ནེ། ཨ་མ། སྲིང་མོ་ཚོས་ལས་ཀ་ལས་བཞིན་ལོས་ཡོད་སྙམ་པའི་གྲིབ་མ་འགའ་ནག་ཡོར་ཡོར་བྱེད། ངས་ནི་ཁ་ནང་ལ་ཟས་ཀྱི་ཆེ་ཆུང་གང་བདེ་ཙམ་ཡང་མི་ལྟ་བར་མིད་པ་ཡང་འགག་ལ་བྱས་ནས་དྲོས་ཇ་དང་ནངས་ཇ་གཅིག་ཆོག་མ་དེ་འཐུང་བ་ཡིན། ཨ་ཕྱི་མ་གཅེས་མས་ངག་འཇམ་པོས། "མ་ལོ་དལ་མོ་ཟོ་མགྲིན་པ་ཡང་འགག་འགྲོ་འུ་འོ" ཇ་དེམ་ཞིག་བཟུང་ནས་ཕོར་བ་ཞིག་གི་ནང་ལ་འོ་ཇ་གང་བླུགས་ནས། སླར་ཡང་ང་ལ་ཁ་འཇམ་ངག་སྙན་གྱི་སྒོ་ནས། "མ་ལོ་མི་ཟེར་ཀི་ཡོད་པ་འདིའི་མགོ་ལ་སྐྱིད་སྡུག་གཉིས་ཀ་ཡོང་གི་རེ། དེ་རིང་སྐྱིད་ལ་སང་ཉིན་བསྲན་དཀའ་བའི་སྡུག་བསྔལ་ཡོང་གི་རེད། དེས་ན་མ་ལོ་ཁ་ཉོན་ཨི་འོ” ཨ་ཕྱི་མ་གཅེས་མའི་གདོང་ལ་ལྟ་བཞིན་དང་ལེན་ཡོད་པའི་ངང་ནས། ”ཡཱ།” ང་ལ་ཨ་ཕྱི་མ་གཅེས་མས་གདམས་ངག་མང་དུ་གསུངས་སྲོལ་ཡོད། “གཤིས་དྲང་།” སྤྱོད་བཟང་།” ཚུགས་ཐུབ།” སྨྲ་ཉུང་།” གྲོགས་དང་འགྲོགས་ཚུལ།” བླ་མ་བསྟེན་ཚུལ།”་ ཡ་རབས་བཅའ་དགོས་ཚུལ་དང་མ་རབས་བཅའ་མི་རུང་ཚུལ་” སོགས་ནམ་རྒྱུན་གསུངས། ཡིན་ཡང་ང་ནི་རྩེད་མོ་ལ་དགའ་དྲགས་པས་སྤྱིར་བཏང་གི་ཐ་སྙད་འགའ་ལས་བརྩི་ཐང་གཞན་གང་ཡང་མེད། དེ་རིང་ཡང་སྔར་ལྟར་ལྟོ་བ་འགྲངས་རྗེས་སྒོ་འགྲམ་ནས་ཡར་རྒྱུག་མར་རྒྱུག་འགའ་བྱས་ནས། ”ཨ་མ་མ་གཅེས་ང་ཨ་མ་དཱ་ཨ་ནེ་ཚོ་ཡོད་སར་འགྲོ་ནི་ཡིན” ཞེས་སྐད་འབོད་ཆེ་ཞིག་བྱས་རྗེས། ལྕང་མའི་ཡལ་ག་ལྡེམ་ལ་ཕྲ་ཞིང་རིང་བ་ཞིག་གི་ཞོན་པ་བྱས་ཏེ། “ཅཱ་ཅཱ”ཞེས་མདུན་ཕྱོགས་ཀྱི་སྤང་ཐང་ལ་རྒྱུག། སྤང་ཐང་གི་མཁའ་དབྱིངས་ནི་དྭངས་ཤིང་བསིལ་ལ་སྔོ་ཞིང་གཙང་། ཁྲི་གདུགས་ཉི་མ་འཛུམ་གྱིས་དགོད། མཐའ་མེད་པའི་སྤང་ཐང་ན་མེ་ཏོག་སྣ་ཚོགས་དྲི་བསུང་གི་ངང་གིས་གང་ལ། གང་ཞིག་ནས་ཡོང་བ་མི་ཤེས་པའི་བུང་བ་དག་འཕུར་ལྡིང་གི་གར་ལ་རོལ་ཞིང་དར་དར་དིར་དིར་གྱི་གླུ་དབྱངས་བར་མེད་དུ་གོ་ཐུབ། ད་དུང་ཕྱེ་ལེབ་སྒེག་མོས་ལུས་ལ་དར་གོས་སྣ་ཚོགས་ཀྱིས་བརྒྱན་ཞིང་ཟློས་གར་འཁྲབ་གཞུང་ནང་གི་ལྷ་མོ་བཞིན་གང་སར་མཛེས་པ་མངོན་ཏེ་སྤྱོད་ཀྱིན་འདུག། སྤང་ཐང་གི་མཛེས་པ་ནི་གང་ལ་འགྲན་དགོས་ཀྱང་མི་ཕོད་པ་ཞིག་ཅི་ལ་ཡོད། ངས་འདི་ལྟར་འདས་ཟིན་པའི་དྲན་འཆར་གྱི་མེ་ལོང་ཕྱེ་ནས་ག་ཙམ་ཡིན་པ་བརྗེད་འདུག། གློ་བུར་དུ་ངའི་གཡས་གཡོན་གང་ཞིག་ནས་ཡིན་མ་ཤེས་པར། “སིང་སིང་ཏིང་ཏིང་”གི་སྒྲ་ཞིག་བར་མེད་དུ་གྲག། ངས་ཅི་ཡིན་ཆ་མ་འཚལ་བའི་ངང་ནས། ལག་པས་གཡས་གཡོན་ཀུན་ལ་མང་ཙམ་བསྙབས་མཐར་ངའི་ཁ་པར་རེད་འདུག། གྲོགས་ལྷ་རྒྱལ་གྱིས་ཁ་པར་ཞིག་གཏོང་གིན་འདུག། “ཝེ” “ཨ་རོགས་དགོང་ཇ་ག་རེ་འཐུང་གི་ཡིན་” ངས་དགོང་ཇ་འཐུང་མེད་པ་བདེན་མོད། འདི་འདྲའི་སྔ་མོ་ཞིག་ནས་དགོང་ཇ་ཟེར་ན་ངས་ཅི་ཡིན་མ་ངེས་པའི་ངང་ནས། ”ཨ....དགོང་ཇ་ཟེར་ན” ཡུད་ཙམ་ལ་ཧད་ནས་ལུས། ཡར་ལྟ་མར་ལྟ་འགའ་བྱས་རྗེས་སྡོད་ཤག་གི་སྒོ་འགྲམ་གྱི་དུས་ཚོད་ཀྱང་ཕྱི་དྲོའི་དུས་ཚོད་༧:༣༠རེད་འདུག ལྷ་རྒྱལ་གྱིས་ ”ཝེ...ཅི་ཞིག་ཉོ་ཨ་རོགས། ཁ་གྲག་ཡཱ” ང་ཧོན་འཐོམ་པའི་ངང་ནས། ་”ཁྱོའི་ཤེས....གང་འདོད་འདོད་ཟིག་ཉོས་ནས་ཤོག” ཁ་པར་གྱི་སྒོ་གདན་བཞག།

.....................

ཡུད་ཙམ་ནས་དྲན་པ་སོས་པ་ལྟར། ཨོ་རེད་་་གཟའ་ཉི་མའི་དགོང་ག་རེད། ཁ་ཕྱིར་འཁོར་ནས་འདང་རེ་བརྒྱབ་བསམ་བློ་རེ་བཏང་ན། ངའི་མིག་མཐའ་མཆི་མས་མི་བརླན་ག་མེད་བྱུང་། “ཨ་མ་མ་གཅེས” ཟེར་བཞིན་སྐར་ཆ་འགའ་ལ་སྡོད་ཤག་ནང་ངུ་འབོད་ཀྱིས་བཀང་། ངའི་ཨ་ཕྱི་མ་གཅེས་མ་ནི་འཇིག་རྟེན་དཀར་ངོགས་དང་ཁ་བྲལ་ནས་ལོ་ངོ་གསུམ་ཙམ་འགོར་འདུག། དངོས་གནས་ཡིད་ཀྱི་མཁའ་ལ་ཆར་སྤྲིན་གྱི་མུན་ནག་འཐིབས་པའི་ལོ་ངོ་གསུམ་ཡང་ཅི་ལ་མིན། ངས་ཨ་ཕྱི་དྲན་ཐེངས་རེ་ལ་ཤིག་དང་ལྗི་བ་སོགས་ཀྱི་མཚོན་པའི་གནའ་གཏམ་དྲན་ལ། བླ་ལྷག་མཐོ་བའི་བརྩེ་བ་དང་བྱམས་ཤིང་གཅེས་པའི་བློ་དཀར་གཞུང་དྲང་གི་ངའི་ཨ་ཕྱི་མ་གཅེས་མ་དེ་དྲན། ཤ་ཟད་རིད་གྱོང་གི་རྣམ་པ་དང་ལྷད་མེད་དྭངས་གཙང་གི་འཛུམ་མདངས་ཡིད་གར་འོང་ལ་མིག་ཟུང་ལྗང་བེར་བ་དག་དྲན་ན་ངུ་ངག་གིས་སྟོང་གསུམ་ཁྱབ་ཀྱང་ངུ་སྙིང་བྲོད་པ་ཞིག་ཅི་ལ་མིན། དངོས་གནས་འདས་དོན་དག་ལས་ཨ་ཕྱི་མ་གཅེས་མ་དང་ལྷན་དུ་འཚོ་བ་ནི་ཅི་འདྲའི་ཐུང་བ་ལ་སྙམ། ངས་ནི་དེ་རིང་གཟའ་ཉི་མའི་སྔ་དྲོ་ཕྱི་དྲོ་མཐའ་དག་པོ་འདས་ཟིན་ལ་རྗེས་དྲན་ཁོ་ནས་ཟད། གྲོགས་པོ་ལྷ་རྒྱལ་གྱིས་དགོང་ཇ་བཟུང་ནས་ཐོན་རག་གི་བར་ལ་ཡང་ཕྱིར་དྲན་གྱི་མེ་ལོང་ཁ་ཕྱེ་བསྡད་པ་ཅི་ལ་མིན། བར་སྐབས་ཤིག་ལ་སྡོད་ཤག་ནང་གི་སྡོད་གྲོགས་ཚང་མ་ཡང་གྲོང་སྲང་སོ་སོ་ནས་ཁ་འཛོམས་ཏེ་ཐོན་ཐལ། ང་ཡང་ཡར་ལངས་ནས་ "ཁྱེད་ཅག་དཀའ་བྱུང་ངམ" ཞེས་འཚམས་འདྲི་ཞུས་པ་ཡིན། ཟླ་ཁོ་དང་དབྱངས་བྷ་གཉིས་ཀྱིས་ཧ་ཅང་ཁམས་དྭངས་པའི་ངང་ནས་མཉམ་དུ་ "མ་དཀའ་ཐཱ། སྐྱིད་པོ་ཡིན་ཐཱ་ཡཱ" གཞན་དག་གི་ངོ་ལ་སྡུག་ཅིག་དྲུད་ནས་མགོ་བོ་གཡུག་ཙམ་ལས་ལན་ཅི་ཡང་མ་བྱུང་། ལྷ་རྒྱལ་ནི་གཟོད་གང་ཞིག་ནས་མཆོངས་བརྒྱུགས་བྱས་ཏེ་ཐོན་ཡོང་བ་ཡིན་པ་མ་ཤེས། ཚང་མ་ལ་ཐལ་ལྕག་དང་ཁུ་ཚུར་གཞུ་བཞིན་ངའི་རྩ་ལ་ཐོན། ལག་ན་འགྱིག་ཁུག་ཅིག་བཟུང་ཡོད་པ་ང་ལ་བསྟན་ནས་ "ཟ་མ་འདི་རུ་བཞག་ཡོད" ཟེར་ནས་ཁ་ཕྱིར་འཁོར་གྲབས་བྱས། ཡང་ཁ་ཚུར་འཁོར་ནས་ངའི་ངོ་ལ་གཟབ་ནན་གྱིས་ལྟ་བཞིན། "ཡང་ཁྱོད་ངུས་སམ" "མ་ངུས་" སྡོད་གྲོགས་ཚང་མ་ཡ་མཚན་ལངས་སོང་བ་ལྟར་ངའི་ཕྱོགས་སུ་ཚང་མ་འཁོར་འདུག། ཡང་ལྷ་རྒྱལ་གྱིས་ང་ལ ”ཨ་ཕྱི་དྲན་ནམ་དེ་རིང་ཉིན་གང་བོར་ཁྱོད་ངུས་སམ” སོགས་དྲི་བས་ཆར་བ་འབབ་པར་བྱས། ངས་མ་བཟོད་དེ་ཕྱི་རོལ་ལ་བརྒྱུགས་པ་ཡིན། ཆར་ཆུས་བར་མེད་དུ་བརླན་པའི་ཕྱི་རོལ་ནི་ངའི་སེམས་ལ་འཕྲོད་པའི་ལྷིང་འཇགས་ཀྱི་ཞིང་ཁམས་དེ་ཅི་ལ་མིན།

༼ ཧུན . དུར་རོ། ༽


  • ལེ་ཚན་སྔོན་མ།:རྨི་ལམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།