གཟའ་མཇུག

        2021-04-14

དེ་རིང་ནི་གཟའ་སྤེན་པ་རེད།ཉིན་གུང་དུས་ཚོད་བཅུ་གཉིས་ལ་ཟིན་སོང་། སློབ་ཐུན་གྲོལ་བའི་སྒྲ་དབྱངས་སིལ་སིལ་གྲག་བྱུང་། ཐོག་རྩེག་དང་པོ་ནས་བཞི་པའི་བར་གྱི་སློབ་མ་ཐམས་ཅད་ཅ་ཅོའི་སྒྲ་དང་མཉམ་དུ་ཕྱི་རུ་འུར་ནས་ཐོན་བྱུང་། ཏག་ཏག་དུས་ཚོད་བཅུ་གཉིས་སྟེང་སློབ་མ་རྣམས་སློབ་ཁང་རྒྱབ་རོལ་གྱི་ལུས་རྩལ་ཐང་ནས་གྲལ་སྒྲིག་དགོས་ན་ཡང་། སློབ་མ་ཞི་ལུ་མང་པོ་ར་སྐོར་དུ་ལྒང་ལི་འཕེན་པར་རྒྱུག་ཅིང་། ཞི་མོ་འགའ་རེས་སློབ་ཁང་མདུན་གྱི་བར་ཁྱམས་ན་དགོད་རེས་ཀྱིས་ཁ་བརྡ་བྱེད། ཡང་ལ་ལ་སྡོད་ཤག་ཏུ་ཐོན་ནས་ཉལ་སྟན་དང་ཉལ་ཁེབས་སོགས་ཁྱིམ་ལ་འཁྱེར་དགོས་པ་དག་གྲ་སྒྲིག་བྱེད་བཞིན་གདའ།

ལྷ་མོ་ནི་ནམ་རྒྱུན་གཟའ་མཇུག་ལ་སློབ་གྲྭར་སྡོད་མཁན་གྱི་གྲས་ཡིན། ཁྱིམ་ཐག་རིང་བའི་དབང་གིས་དགེ་རྒན་རྣམ་པར་ཡང་སློབ་གྲྭར་འདུག་པའི་རེ་བ་ཡོད་ཀྱང་། ད་ཐེངས་དོན་དག་ཅིག་གིས་ཁྱིམ་ལ་མི་འགྲོ་རང་དབང་མེད་པར་འདུག རྒྱུ་རྐྱེན་གཞན་ཞིག་ནི་དེ་རིང་དགེ་རྒན་འགྱུར་མེད་སློབ་གྲྭའི་ནང་མེད་པས། ལྷ་མོ་ཁྱིམ་དུ་འགྲོ་བར་བར་ཆད་ཅི་ཡང་ཡོད་མི་སྲིད།

དགེ་རྒན་རྣམ་པ་སུ་མགྱོགས་འགྲན་པ་ལྟར། ལག་ཁུག་དང་རྒྱབ་ཁུག་ཁུར་ནས་རང་རང་གི་རླངས་འཁོར་ཕྱོགས་སུ་ཆས་པ་དང་གང་ཞིག་ལ་འགྲོ་བར་ཧ་ཅང་བྲེལ། གཟའ་རེས་དགེ་རྒན་གཅིག་གིས་སིར་སྒྲ་དང་བཅས་བཤུག་རིལ་འབུད་བཞིན་འདུག་པས། སློབ་མ་ཚང་མ་ད་གཟོད་གཟའ་རེས་དགེ་རྒན་ལ་གཏད་དེ་རྒྱུག་ཅིང་རྩེ་དགའི་རྣམ་འགྱུར་རྒྱུན་མི་ཆད།

“རླངས་འཁོར་ལོན་རྒྱུ་རེད་དམ།” ལྷ་མོ་དང་ཕ་ཡུལ་ལུང་པ་གཅིག་པའི་ཚེ་མཚོས་སྐད་ཆུང་ངུས་དེ་ལྟར་སྨྲས།

“ལོན་ནི་རེད།” ལྷ་མོས་ཡིད་ཆེས་ལྡན་པའི་སྒོ་ནས་བཤད།

མ་གཞི་ཁ་སང་རྒྱ་ཡིག་སློབ་ཐུན་སྐབས་སུ། ཚེ་མཚོས་ལྷ་མོས་རེ་བ་ཞུས་པ་ལྟར་ལྷ་མོའི་ཅོག་གྲོགས་ཞི་ལུ་དེ་དང་འདུག་ས་བརྗེས་ནས་ལྷ་མོ་དང་མཉམ་དུ་བསྡད་ཅིང་། ལྷ་མོ་དོན་དག་ཅིག་གིས་ཁྱིམ་ལ་འགྲོ་དགོས་པ་གཞིར་བྱས་ནས་གཉིས་ཀ་མཉམ་དུ་ཕ་ཡུལ་ལ་འགྲོ་བའི་གྲོས་ཁ་མཐུན་པ་རེད།

“འཕྲུལ་རྟར་ཞོན་མཁན་དག་གིས་ག་ལེར་བྱོས། འཕྲུལ་རྟ་གཅིག་ལ་མི་གསུམ་རེ་བཞི་རེ་ཞོན་མི་ཆོག་་་་་་ ལས་བྱ་ཚང་མ་ཡག་པོ་ཕྲིས་་་་་་” གཟའ་རེས་དགེ་རྒན་གྱིས་སྐད་གདངས་འགྱོག་བཞིན་དེ་ལྟར་བཤད་པའི་མུ་ལ། ལྷ་མོ་ཡང་བསྐྱར་ཁ་ཕྱིར་འཁོར་ཙམ་གྱིས། “རྫོང་ཐོག་ཏུ་ཨ་ཕ་བསུ་རུ་ཡོང་ཟེར། ངས་ད་ཅི་ཁ་པར་བརྒྱབ་པ་ཡིན།”ཞེས་ཚེ་མཚོར་ལབ།

“འོ་ཡ། ་་་་་་”

སློབ་གྲྭའི་ཁོར་ཡུག་ནི་འུར་སྒྲ་མང་པོའི་ཁྲོད་ནས་སྐད་ཅིག་ལ་ལྷིང་འཇགས་ཀྱི་གནས་ཤིག་ཏུ་གྱུར་ཞིང་། གཟའ་རེས་དགེ་རྒན་གཅིག་དང་ཐག་རིང་ནས་ཡིན་པའི་སློབ་མ་ཉུང་ཤས་ལས་ཚང་མ་ཁྱིམ་དུ་བུད་སོང་། ཡིན་ནའང་། ཐག་རིང་ནས་ཡིན་པའི་ལྷ་མོ་དང་ཚེ་མཚོ་ཡང་ད་ཐེངས་ཁྱིམ་ལ་སོང་ངོ།།

དཔྱིད་རླུང་དལ་གྱིས་ལྡང་པ་ཡིས། དགུན་ཟླ་རིང་མོར་གཉིད་དུ་ཡུར་བའི་རྩི་ཤིང་གི་ཚོགས་ལ་བྱིལ་བྱིལ་བྱེད་ཅིང་། གྲང་འཁྱག་གི་ཟླ་ངོ་གསུམ་ལ་ཡིད་ཆད་སྐྱེས་པའི་ཞིང་གྲོང་གི་མི་རྣམས་རེ་བས་ཁེངས་བཞིན་དཔྱིད་རླུང་གི་བསིལ་གྲིབ་དང་ལྷན་དུ་སོ་ནམ་ལ་བྲེལ། ལམ་འགྲམ་དུ་སྟར་ལ་བསྒྲིགས་པའི་ལྗོན་ཤིང་དག་གིས་ལྷ་མོ་ལ་སློབ་གྲྭ་ལས་འདས་པའི་ལྷོད་ཡངས་ཀྱི་བར་སྟོང་བསྐྲུན་ཞིང་། སེམས་པ་རྒོད་པོ་ཕྱི་རོལ་གྱི་ཚེ་སྲོག་གྲངས་མང་ལྷོད་ཀྱིས་རྒྱུ་བར་ཤོར་བཞིན། སླར་ཡང་སློབ་གྲྭའི་ཁོར་ཡུག་ལ་ཕྱིར་འདང་བརྒྱབ། དེ་ནི་ལྷ་མོ་ལ་མཚོན་ན་རང་གི་སེམས་འདུན་གང་ཞིག་ལེགས་འགྲུབ་འབྱུང་བཞིན་པ་ལྟར། ལུས་སེམས་གཉིས་ཀ་བདེ་དྲོད་ཀྱིས་བརྟས།

རང་ཁྱིམ་ནི་ཆེས་ཆ་རྒྱུས་ཆེ་ཞིང་རང་དབང་གི་གནས་དེ་ཡིན་པས། རང་ཁྱིམ་གྱི་སྒོ་དྲུང་དུ་སླེབས་པ་ན། ལྷ་མོས“ཨ་མ་་་”ཞེས་རང་གི་ཨ་མའི་རྐེ་ལ་འཐམས་ནས་ཡུད་ཙམ་ལ་མ་བཏང་ཞིང་གཅེས་སྐད་ཡང་ཡང་བཏང་།

ལྷ་མོའི་ཁྱིམ་ཚང་ནི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་སྲིད་གཞུང་དང་ཁ་ཐག་ཉེ་བའི་གྲོང་སྡེར་བབས་པ་ཞིག་ཡིན་ལ། ནམ་རྒྱུན་སྔོ་ཚོད་དང་སིལ་ཏོག་གི་སྐོར་འཚོང་བའི་ཚོང་དོན་རླངས་འཁོར་ཆུང་ཆུང་རྒྱབ་ཏུ་འཁོར་སྒམ་ཡོད་པ་དེའི་རིགས་ཀྱིས་རོང་པའི་སྐད་ཀྱིས“ཚོད་མ་ཉོ་བར་ཤོག ཆུར་བ་དང་རྗེ་བཞིན་ཡོད།”ཅེས་སྒྲ་སྒམ་ལས་སྐད་ཆེན་པོའི་སྒྲོག་པར་བྱེད་པས། ལྷ་མོས་ཨ་མས་གོམ་སྟབས་མྱུར་བར་བྱས་ཤིང་། ཚོད་མ་སྣ་ཁ་གཉིས་དང་སྒོང་ཐང་སྐོལ་བྱེད་དུ་བྱ་སྒོང་འགའ་ཉོས་ནས་ཁྱིམ་ལ་ལོག་པ་དང་ཟ་མ་གཡོས་སྦྱོར་ལ་བྲེལ་བཞིན་འདུག

ལྷ་མོས་རང་གི་ཨ་མའི་ཁ་པར་ལས་འདར་དབྱངས་གསར་དུ་སྒོ་ཕྱེ་ནས་རང་ཉིད་དགའ་བའི་སྐར་ཆེན་ལོའུ་ཧན་གྱི་བརྙན་ཐུང་གྲངས་མང་མཛུབ་མོས་ཡར་ནས་ཡར་དུ་སྒྱུར་བཞིན་གདའ།

ལྷ་མོས་ཨ་ཕ་ལགས་ཀྱིས་འཕྲིན་ཕྲན་ཚོགས་པ་ཞིག་གི་ནང་དུ་གཏམ་གླེང་སྤེལ་ནས་ཡུན་རིང་འགོར་སོང་། ད་ནི་ཡང་“ཨོ་་་་་་གྲོགས་པོའི་འདུ་ར་ནང་གི་ཚོགས་གཙོ་དམ་པ་དབུ་བཞུགས་སའི་ཚོགས་ཞུགས་ཀྱི་མི་སྣ་ཡོངས་ལ་དགོང་མོའི་ཆ་འདིར་ཁ་ཚིག་བཟང་པོ་གསེར་དང་། ལག་ཚིག་བཟང་པོ་དར་བྱས་ནས་སྐུ་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་ནས་ཁྱེད་རྣམ་པ་ཚང་མས་སྐད་ཆ་རབ་དང་རིམ་པ། རྐས་དང་ཐེམ་པ་མང་པོ་གསུང་བཞིན་འདུག ངས་ཚང་མ་གཅིག་མ་ལྷག་གཉིས་མ་ཆད་པར་ཉན་ཐུབ་སོང་། དེ་ནས་མུ་མཐུད་དུ་་་་་་་”ཞེས་གཏམ་གླེང་གི་རྒྱུན་མི་ཆད།

འདི་ནི་མཐོ་སྒང་གི་འབྲོག་ཁྱིམ་ཞིག་སྟེ། སྔར་རྩྭ་ཐང་ཡངས་པོར་ལུག་ཁྱུ་བདའ་ཞིང་། རི་མགོ་མཐོན་པོར་བརྒྱ་ཟོག་འཚོ་མྱོང་མཁན། དབྱར་ཆར་ཆུའི་ཁྲོད་ན་ལུས་པོ་བརླན་ཞིང་། དགུན་གྲང་ངར་ཁྲོད་དུ་སློག་གོས་གོན་མྱོང་བའི་ཁྱིམ་ཚང་ཞིག་ཡིན་དུས།རྟ་ནོར་ལུག་གསུམ་གྱི་སྣུམ་བག་ནི་ནམ་ཡང་ཁོང་ཚོ་མཉམ་དུ་གནས་ཤིང་། རྟ་ཕོ་གོམ་ཁ་ཅན་ལ་ཞོན་ནས་རྫི་གླུ་སིང་སིང་། ཚེར་མོ་བལ་ཁ་ཅན་ལ་བལྟས་ནས་གཡང་འབོད་ཁྲིག་ཁྲིག བེའུ་དང་ལུ་གུའི་བོངས་ཚད་ཆེ་རུ་འགྲོ་བར་མིག་གིས་འཚོས་ཤིང་། མར་ཆུར་གྱི་རི་རབ་བརྩེགས། ཞོ་འོ་ཡི་རྒྱ་མཚོ་བསྐྱིལ། ཤ་ཐུད་ཀྱི་སྡེར་ཁ་མཐོ་ཞེས་ན་འགྲིག་ཅིང་། ལ་གཞས་ཤིག་ཏུ། སྦྲ་ནག་ཆུང་ཡར་ལོགས་རྒྱུ་ཡིས་གང་།། དྲིན་ཕ་མའི་སེམས་རྩ་སྐྱིད་ལ་འཁོར།། རྟ་འདོ་ལུའི་གོམ་ཁ་རླུང་གིས་སྐྱོད།། སྐྱེས་ཤར་ལུའི་སེམས་རྩ་སྐྱིད་ལ་འཁོར།། འབྲི་ཐུལ་མའི་ནུ་རྩ་འོ་མས་གང་།། སྨན་བུ་མོའི་སེམས་རྩ་སྐྱིད་ལ་འཁོར།། ཞེས་པ་དེ་ཡང་དངོས་གནས་དོན་དུ་གནས་པ་ཞིག་རེད་ཨང་། མདོར་ན་མགོ་ཐོག་གི་སྦྲ་དང་རྐང་ཞབས་ཀྱི་ལྷམ་སོགས་གཞན་ལ་རེ་མི་དགོས་པར། རིན་ཐང་གཞལ་དུ་བྲལ་བ། སྤུས་ལེགས་ཤིང་དྲོད་འཁོར་བ། སྟབས་བདེ་ལ་ལྷོད་བག་ལྡན་པ་ཞིག་ཡོད་མྱོང་བ་རེད།

ད་ལྟ་འབྲོག་ཁྱིམ་འདིར་དངོས་གནས་འགྱུར་བ་ཆེན་པོ་སོང་འདུག་ཨང་།

ཟ་མ་ཟ་རན་སོང་། དོ་དགོང་ལྷ་མོ་ཁྱིམ་ལ་སླེབས་ཡོད་པས། ཨ་མས་ཚོད་མ་གཉིས་དང་སྒོང་ཐང་གཅིག་བཅས་ཚོད་སྣ་གསུམ་ལས་ཡོད། ཨ་མའི་ངོ་ལ་འཛུམ་མདངས་ཀྱིས་གང་། ཟ་མ་ཟ་ཞོར་དུ་ལྷ་མོས་སློབ་གྲྭའི་ནང་གི་དོན་དག་ཚང་མ་བཤད་པས་ཕ་མ་གཉིས་པོའི་རྣ་བའི་གསོས་སུ་གྱུར་བ་བཞིན། རེ་ཞིག་ཁ་བརྡར་གཡེང་།

“ཞོགས་པར་ཆུ་ཚོད་དྲུག་དང་སྐར་མ་བཞི་བཅུ་ནས་ཡར་ལངས་དགོས་ཤིང་། བདུན་དང་ཉི་ཤུའི་བར་དུ་དཔེ་ཀློག་བྱེད་དགོས། དེ་ནས་སྔ་དྲོ་ཚོགས་ཐུན་བཞི་དང་། ཕྱི་དྲོ་ཚོགས་ཐུན་བཞི། དགོང་མོ་ཚོགས་ཐུན་གཉིས་བཅས་ཉིན་གཅིག་ལ་ཚོགས་ཐུན་བཅུ་ཁ་ཞིག་ཡོད་པ་རེད་་་་་་། ཟ་མ་ཟ་དུས་ཁོམ་པ་ཆེན་པོ་མེད་པར་སློབ་ཁང་ལ་གཙང་སྦྲ་བྱེད་དགོས། དགོང་མོ་ཉལ་སྐབས་ཀྱང་དགུ་དང་ཕྱེད་ཕན་ལ་འདུག་ཐབས་ཡོད་མ་རེད། གཟའ་རེས་དགེ་རྒན་དང་སྡོད་ཁང་དོ་དམ་པས་དབྱུག་པས་དེད་ན་ཚར་ནི་རེད། གཟའ་མཇུག་ལ་ཐག་ཉེའི་སློབ་མ་དག་ཁྱིམ་ལ་སོང་ན་ཡང་། ང་ཚོ་ཉུང་ཤས་ཤིག་སློབ་གྲྭ་ནས་འདུག་དགོས་པ་རེད་་་་་་།”

ལྷ་མོས་དངོས་གནས་མང་པོ་ཞིག་བཤད་སོང་།

ལྷ་མོས་བཤད་པའི་སྐད་ཆ་འདི་དག་ནི་བདེན་པ་རེད་ལ། སློབ་གྲྭའི་ཁོར་ཡུག་དང་འགྲོ་ཕྱོགས་ནི་འདི་ལྟ་བུའི་ཉིན་གཅིག་གི་འཁོར་རྒྱུགས་ཤིག་ཡིན་ན་ཡང་། སློབ་མ་དག་ལ་མཚོན་ན་དེ་ནི་སློབ་སྦྱོང་གི་ཁོར་ཡུག་ལྷོད་བག་ལྡན་པ་ཞིག་ཡིན་པ་ཕ་མ་གཉིས་ཀྱིས་ཤེས་ཀྱིན་མེད་པ་འདྲ།

སློབ་གྲྭར་ལུས་རྩལ་ཚོགས་ཐུན་ཡོད། གླུ་དབྱངས་ཚོགས་ཐུན་ཡོད། རི་མོ་ཚོགས་ཐུན་སོགས་བསླབ་དེབ་ལས་འདས་ཤིང་རང་གི་དགའ་ཕྱོགས་སྐྱེད་སྲིང་བྱེད་པའི་ཚོགས་ཐུན་ཡང་ཡོད་པ་རེད། སློབ་གསེང་ཟེར་ནས་ཀྱང་བྲོ་ལྡིང་ཆོག མདོར་ན་ཉིན་གཅིག་གི་ཆ་ཤས་མང་པོ་ཞིག་རང་ཉིད་གཅིག་པུར་དབང་ཞིང་། སློབ་མ་སོ་སོས་རང་གི་སློབ་སྦྱོང་ལ་ཞེ་བློ་རེ་གཏད་མ་ཤེས་ན་དེ་ལས་གཞན་པའི་གནོན་ཤུགས་ཤིག་གང་ན་ཡོད་ཨང་། ད་དུང་དགེ་རྒན་གྱི་བྱམས་བརྩེ་ཡོད། སློབ་གྲོགས་ཀྱི་རྩེད་རོགས་ཡོད། ཟ་མ་དུས་ལྟར་བཟའ་ཆོག་ཅིང་རང་གིས་ལག་འགུལ་མི་དགོས། དོན་དག་ཕྲན་བུ་རེས་དགེ་རྒན་ལ་དགོངས་པ་ཞུས་ནས་ཕྱི་རུ་འགྲོ་ཆོག་ཅིང་། ཕ་མས་སྤྲད་པའི་སྒོར་མོས་རང་ཉིད་ཀྱིས་སྐྱིད་པོ་གཏོང་ཆོག ལྷག་པར་དུ་གཟའ་མཇུག་ལ་ཐོན་སྐབས། དེ་ནི་རང་དབང་གི་ཁོར་ཡུག་གསར་བ་ཞིག་ཡིན་པས་ལྒང་ལི་རྩེ་བའི་ཐག་སྒྲ་རྒྱུན་མི་ཆད། སློབ་ཁང་ནས་གློག་བརྙན་ལ་ལྟ་ཆོག སྡོད་ཁང་ནས་ཟ་འཐུང་ལ་རོལ་ཆོག སློབ་གྲྭའི་ཁོར་ཡུག་ཏུ་འཆམ་འཆམ་དུ་སོང་ཆོག ནམ་རྒྱུན་དང་བསྡུར་ན་མཚན་མོ་ཉལ་ཡང་ཧ་ཅང་འཕྱི་བས། དཔེ་ཆར་ལྟ་མཁན་ཞིག་ཡིན་ན་ལྟ་བའི་ཁོམ་པ་ཡོད་ཅིང་། གཞན་པའི་སྣང་བ་རང་ཡན་པའི་སློབ་མ་དག་གིས་དགའ་རོགས་བཙལ་བའི་ལས་ཀྱང་གང་འདོད་དུ་བསྒྲུབ་པའི་གོ་སྐབས་ཡག་པོ་ལྡན་པ་རེད།

དེ་བས། འཇིག་རྟེན་འདིར་ཡང་སློབ་གྲྭ་ལས་ལྷག་པའི་ཁོར་ཡུག་ཅིག་མེད་ཅིང་། སྔ་ཤན་ཕྱི་ཤན་མང་པོ་དགོས་པའི་སེམས་ཉིད་ལ་ནམ་ཡང་གཏན་བདེ་ཐོབ་པའི་སྐལ་བ་དེ་དབེན་པས་ན། སློབ་གྲྭ་ནི་མི་ཡུལ་གྱི་ཞིང་ཁམས་གཅིག་པུ་དེའོ་ཞེས་ན་ཡང་མི་འགྲིག་པ་ཅི་ཡོད།

དྲིན་ཕ་མ་ཉི་ཟླ་རྙེད་མེད་རེད་ཅེས་པ་ཡང་དྲིན་ཅན་ཁོང་ཅག་གི་སེམས་ཀྱི་སྟེང་ནས་བཤད་བཞིན་པ་འདྲ་བས། ཕ་མས་བུ་ཕྲུག་ལ་བཅངས་པའི་སེམས་ནི་དངོས་གནས་རྙེད་དུ་མེད་པ་ཞིག་རེད་ལ། ཉི་མ་དང་ཟླ་བ་ལྟ་བུ་ཞིག་ཀྱང་རེད། འཇིག་རྟེན་འདིར་ཡང་ཕ་མའི་སེམས་པ་བུ་ཕྲུག་ལ་འཁོར་བ་ལྟ་བུའི་དགའ་བ་དང་འཁྲེང་བ་ནི་གཞར་ཡང་མེད་པ་འདྲ།

“མ་ལོ་་་་་་ངའི་ཞི་མོ་འདི་དཀའ་ན་ཟིག་ཀི”ཞེས་ལྷ་མོའི་བཤད་མཚམས་ཤིག་ནས་ཨ་མས་ཤིན་ཏུ་ཉམས་ཕྲ་ལ་གཅེས་པའི་སྐད་ཀྱིས་དེ་ལྟར་བཤད།

ཨ་ཕས་ཤིར་སྒྲ་དང་བཅས་ཇ་ཁམ་གང་འཐུང་ནས“ཕ་ལོ། ད་ཅུང་ཙམ་དཀའ་ནི་རེད། ཡིན་ཡང་རྒོད་རྒོད་བྱོས། སྡེ་གཞན་པ་རྒྱུགས་འཕྲོད་ནི་ཚོར་ལྟོས་དང་། ཅི་འདྲའི་སྐྱིད་པོ་རེད”ཟེར།

དོ་སྣང་བྱེད་མཁན་ཞིག་ཡིན་ན་ཨ་ཕའི་ངོ་མདངས་དང་རྣམ་འགྱུར་གང་ལ་བལྟས་ན་ཡང་། ཁོས་ལྷ་མོའི་ཕྱོགས་ལ་འདང་མང་པོ་རྒྱག་བཞིན་པ་ཤེས་ཐུབ་ལ། ད་དུང་སྐད་ཆ་མང་པོ་ཞིག་རང་གི་བུ་མོར་བཤད་མ་ཐུབ་པར་སེམས་སུ་ཉར་ཡོད་པ་ཡང་ཤེས་ཐུབ་པ་འདྲ། ཡིན་ན་ཡང་། ཨ་ཕས་ཅིའི་ཕྱིར་ལྷ་མོ་ལ་དེ་ཙམ་ལས་མང་པོ་ཞིག་མི་བཤད་པ་ཡིན་ནམ། གཅིག་བྱས་ན་ཁོས་ལྷ་མོ་ད་རུང་ལོ་ཆུང་བས་དོན་དག་ལ་ལ་ཞིག་ཧ་མི་གོ་བསམ་པ་ཡིན་ལ། ཡང་གཅིག་བྱས་ན་ཁོས་རང་གི་བུ་མོར་གནོན་ཤུགས་ལ་ལ་ཞིག་ནམ་ཡང་གཏན་ནས་སྤྲད་མི་འདོད་པ་ཡིན་ཡང་སྲིད།

ལྷ་མོའི་ཨ་ཕ་ནི་ལྟ་རྒྱ་མཐོ་ལ་ཁོག་རྒྱ་ཡངས་པ། དཔའ་སྙིང་ཆེ་བའི་མི་བུ་རུས་རྐང་ཅན་ཞིག་ཡིན། སྡེ་དོན་དང་སྒེར་དོན་གང་ཞིག་ཡིན་ཡང་ཁོང་གིས་རིག་པ་བཀོལ་སྟངས་རེ་དང་བློ་ཐབས་འཐེན་སྟངས་རེ་ཡིས་ཐག་གཅོད་ཡག་པོ་ཐུབ་པས། སྔོན་ཆད་སྡེ་བའི་ནང་ནས་ཁོང་ལ་གོང་བཀུར་བྱེད་པའི་སྐད་ཆ་ཡང་གང་སར་རླུང་བུ་བཞིན་རྒྱུ་མྱོང་། ཡིན་ན་ཡང་། དོ་ནུབ་དངོས་གནས་ཁོང་གིས་ཅི་ལ་ཡང་ཐག་ཆོད་ཀྱིན་མེད་པ་ལྟར་ཡུན་རིང་ལུས། གང་ལྟར། ཁོང་གི་སྐད་ཆ་ནི་དེ་ཙམ་རེད། ཁོང་གིས་སྐད་ཆ་མང་པོ་ཅི་ཡང་བཤད་མ་སོང་།

“འདི་སང་ཉིན་ཞི་མོ་འགྲོ་དུས་བྱིན། ཞུན་རེ་དང་མར་རེ་འཁྱེར་དགོས་སམ་གཅིག་དྲིས་དང་།”

མལ་དུ་ཉལ་ཁར་ལྷ་མོས་ཨ་ཕས་དེ་ལྟར་བཤད་བཞིན་རང་གི་ཁུག་མ་ནས་སྒོར་ལྔ་བརྒྱ་ཕུད་ནས་ལྷ་མོའི་ཨ་མའི་ལག་ལ་བཞག

“འོ་ཡ། ཞི་མོ་འདི་དཀའ་ན་ཟིག་ཀི་་་་་། ཟ་རྒྱུ་ཅི་ཞིག་གི་དགའ་རྒྱུ་རེད། སང་ཉིན་ཆུ་ཚོད་དུའི་སྟེང་ནས་འགྲོ་དགོས་མི་ཤེས་་་་་”ཞེས་ཟེར་བཞིན་སྒོར་མོ་ཁྱེར་ནས་རྩམ་སྒམ་ནང་དུ་བཞག་པ་དང་ལྷ་མོས་སང་ཉིན་འཁྱེར་དགོས་པའི་ཅ་དངོས་དག་བསྡུ་གསོག་བྱེད་པར་བྲེལ།

གྲོང་པ་འདི་ནི་གྲོང་ཁྱེར་ཆེན་པོ་ལྟར་མཚན་མོར་འགྲུལ་བཞུད་རྒོད་ཅིང་མི་ཚོགས་ཀྱི་གཡོ་འགུལ་ཆེ་བ་དེ་འདྲ་མིན་ཡང་། དུད་ཁྱིམ་མང་ཆེ་བའི་གློག་འོད་ད་རུང་ཟུམ་མི་འདུག་ལ་ཁ་བརྡ་བྱེད་པའི་སྒྲ་ཤབ་ཤུབ་རེ་ཡང་ཕྱི་རོལ་ནས་གོ་ཐུབ།

ལྷ་མོའི་ཨ་མ་ཡང་ཉལ་བཞག ཉལ་ནས་ཡུད་ཙམ་འགོར་ན་ཡང་། མཚམས་རེར་ལམ་ནང་དུ་འཕྲུལ་རྟ་རྒྱུག་བའི་སྒྲ་གྲག་འོང་ལ། རླངས་འཁོར་རྒྱུག་པའི་སྒྲ་རེ་གཉིས་ཀྱང་ལྷ་མོ་ཚང་གི་ཁྱིམ་ནས་ཚོར་ཐུབ་ལ་ཡང་བསྐྱར་འཇམ་ཐིང་ངེར་འགྲོ།

དེ་རིང་ནི་གཟའ་ཉི་མ་རེད།

རི་རྩེ་ནས་ཉི་མའི་ཞལ་ཕྱེད་ངོམ་པ་ནས་ལྷ་མོ་ཚང་གི་ཁང་པའི་ཀླད་ནས་དུ་བ་སྔོ་ལྷོག་ལྷོག་བྱེད། གྲོང་པའི་བར་ཀུན་ཏུ་ཁྱིམ་ཚང་རེས་ནོར་ལུག་ཐམས་ཅད་བཙོང་ནས་འབྲི་གསུམ་བཞི་རེ་བཞག་ཡོད་པ་དེ་དག་དེད་ནས་རྒྱ་ལམ་དུ་འགྲོ་བཞིན་གྲོང་མཐའི་རྩྭ་ཐང་ལ་སྙེག་གིན་འདུག

ཡུད་ཙམ་འགོར་རྗེས། ཚེ་མཚོ་བསྡད་ཡོད་སའི་ཁྲི་སྒོ་རྟགས་ཅན་གྱི་རླངས་འཁོར་དཀར་པོ་དེ་ལྷ་མོ་ཚང་གི་སྒོ་ཁ་ནས་བསྡད་སོང་། ལྷ་མོས་ཨ་མས་སྒོར་མོ་ལྔ་བརྒྱ་དེ་ལྷ་མོའི་ལག་ཏུ་བཞག དེ་ནས་ལྷ་མོའི་རྒྱབ་ཁུག་གཅིག་ཁུར་ནས་སྔོན་ལ་སོང་བ་དང་། རླངས་འཁོར་ཁ་ལོ་བའི་ལག་ཏུ་སྒོར་མོ་ཉེར་ལྔ་སྤྲད་ནས། “འདི་ཞི་མོའི་འཁོར་གླ་ཡིན། ལམ་ནས་ག་ལེར་གྱིས། ཁ་དྲོ་བཀྲ་ཤིས།”ཟེར་བཞིན་རྒྱབ་ཁུག་རླངས་འཁོར་ལྟག་རྒྱབ་ཏུ་བཞག

ལྷ་མོ་ཡང་རླངས་འཁོར་ནང་དུ་བསྡད་ཟིན་པ་དང་། “ཨ་མ། ད་ང་འགྲོ་ནི་ཡིན།”ཟེར།

“འོ་ཡ། མ་གཅེས། ཡི་གེར་ཧྲི་ཧྲི་བྱོས།”ཟེར་བཞིན་ལག་པ་གཡུག ཡང་བསྐྱར་སྐད་མཐོ་ཙམ་གྱི་སྒོ་ནས“ཁྱེད་ཚང་མ་ག་ལེར་སོང་། ཚེ་རིང་་་་་་།”ཟེར།

སྔ་དྲོ་དུས་ཚོད་བརྒྱད་དང་ཕྱེད་ཙམ་ལ་ཉེ་བ་ན། ལྷ་མོ་དང་ཚེ་མཚོ་གཉིས་ཡོད་སའི་རླངས་འཁོར་དེས་ལེ་དབར་བདུན་ཅུ་ཙམ་གྱི་མཚམས་ན་ཡོད་པའི་རྫོང་ཐོག་ལ་མྱུར་སྟོབས་ཀྱིས་བསྙེགས།

རླུང་བུ་ཡར་ལ་ཤུག་ཤུག ཆུ་མོ་མར་ལ་ཤག་ཤག དཔྱིད་རླུང་འཇམ་པོ་རླངས་འཁོར་གྱི་དྲྭ་མིག་ལས་ལྷ་མོའི་གདོང་ངོར་ཕོག་པས། སྐྲའི་ཉག་འགའ་ཡང་མིག་མདུན་ནས་རླུང་ལ་སྐྱོད། སྐར་འོད་བཞིན་གསལ་བའི་མིག་ཟུང་གིས་རིག་རིག་ངང་ཕྱི་རོལ་གྱི་ཡུལ་ལྗོངས་ལ་ཡུན་རིང་ལྟ་བའི་ལྷ་མོའི་བཟོ་ལྟ་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད། སློབ་འབྲིང་སློབ་མའི་ཚད་ན་ཡོད་པའི་ལྷ་མོ་ནི་ལོ་ན་ཆུང་ཡང་། ལྟོས་བཅས་ཀྱིས་གཟུགས་པོ་རིང་ཞིང་ཤ་ཡང་ཅུང་ཟད་བརྒྱགས་པ་ཞིག་ཡིན་པས། མིག་ཟུང་གཡོ་བ་མེད་པར་གཟབ་ནན་གྱིས་ག་ཤེད་དུ་ལྟ་བའི་རྣམ་པ་དང་གང་ཞིག་ལ་བསམ་བློ་གཏོང་བའི་རྣམ་པ་དེ་ཡང་ཅི་འདྲའི་ཡིད་ཡུལ་ལ་འབབ་པ་ཞིག་རེད་ཨང་།

“ཁྱོད་གཉི་གས་འབྲེལ་བ་བྱེད་རྒྱུ་ཨེ་ལོན།”ཚེ་མཚོས་མཚམས་ཤིག་ནས་ལྷ་མོ་ལ་སྐད་ཆུང་ངུས་དེ་ལྟར་དྲིས།

“མདང་དགོང་ཨ་མའི་ཁ་པར་ནང་ནས་ཆུ་ཚོད་གཅིག་ཙམ་ལ་ཁ་པར་བརྒྱབ་པ་ཡིན།”

“ཧི་ཧི། ཅི་ཞིག་བཤད་ནས་བསྡད་པ་ཡིན།”

“མདང་དགོང་གཟའ་རེས་དགེ་རྒན་གྱིས་གློག་བརྙན་བསྟན་ན་ཡང་། བཀྲ་ཤིས་སློབ་ཁང་དུ་མ་སོང་བར་ང་དང་ཁ་བརྡ་བྱས་ནས་བསྡད་པ་རེད། ད་ཐེངས་དགེ་རྒན་འགྱུར་མེད་སློབ་གྲྭར་མེད་པས། ཁོས་སྡོད་ཁང་དུ་ཁ་པར་ལ་བལྟས་ནས་བསྡད་པ་དང་ང་བསྒུག་པ་ཡིན་ཟེར།”

ལྷ་མོས་ཧ་ཅང་སྙིང་ཉེ་བའི་མདོག་གིས་དེ་ལྟར་བཤད།

དགེ་རྒན་འགྱུར་མེད། ཁོང་ནི་སློབ་གྲྭ་འདིའི་ཕྱི་ནང་གསང་གསུམ་གྱི་སྒེའུ་ཡོལ་ལྟ་བུ་ཞིག་ཡིན་ཞིང་། ཁོང་སློབ་གྲྭར་ཡོད་ན་སྒེའུ་ཡོལ་ཕྱེ་བ་ལྟར། སློབ་མ་ཐམས་ཅད་ཀྱི་འགྲོ་འདུག་ཉལ་གསུམ་དེ་གསལ་ལྷང་ངེ་བ་དང་། ཁོང་སློབ་གྲྭར་མེད་ན་སྒེའུ་ཡོལ་བསུམ་པ་ལྟར། སློབ་གྲྭ་འདི་ནི་མུན་ནག་གི་གནས་ཤིག་ཏུ་འགྱུར། སློབ་མ་བསམ་ཡོད་ལ་ལས་དགེ་རྒན་ལ་སྲིད་པའི་སྒྲོན་མེ་ཞེས་འབྲི་བའང་དགེ་རྒན་ཁོང་ལྟ་བུར་ཟེར་བ་ལོས་ཡིན་ཏེ། དགེ་རྒན་སུ་ཡིན་ཡང་དགེ་རྒན་འགྱུར་མེད་ལྟ་བུ་ཞིག་ནི་ཡོང་ཐབས་དཀའ་ཞིང་། ཁོང་གིས་ལྷག་བསམ་གྱི་རྐང་རྗེས་སློབ་གྲྭ་འདིའི་ཁོར་ཡུག་ཏུ་དཔར་ནས་ཅི་འདྲའི་ལོ་མང་པོ་ཞིག་སོང་ཡོད་ཨང་། ད་ལྟ་ཁོ་རང་ལོ་ན་ཅུང་ཟད་མཐོ། མཚམས་མཚམས་སུ་སྐུ་ལུས་བདེ་མི་བདེ་བ་རེས་སློབ་གྲྭ་ནས་བུད་དེ་ཉིན་ཁ་ཤས་ལ་སླེབས་རྒྱུ་མི་འདུག དགེ་རྒན་འགྱུར་མེད་སློབ་གྲྭ་ནས་སོང་བ་ནི་སློབ་གྲྭ་འདིའི་རྣམ་ཤེས་ཉིད་ཕྱི་རུ་འཁྱམས་པ་དང་ཅིས་མི་མཚུངས།

“ཁོས་ངའི་ལྕེ་ཁ་ནང་དུ་འཇིབ་བྱུང་།”

བར་ཞིག་ནས་ལྷ་མོ་དང་ཚེ་མཚོ་གཉིས་ཀྱི་ཁ་བརྡ་ནི་ཚད་ཅིག་ལས་བརྒལ་ཏེ་རང་དབང་གིས་རྩེན། ནམ་རྒྱུན་གཟའ་མཇུག་སྐབས་དགེ་རྒན་འགྱུར་མེད་སློབ་གྲྭར་མེད་པ་དང་བསྟུན་ནས། ལྷ་མོ་དང་བཀྲ་ཤིས་གཉིས་སློབ་གྲྭའི་བུ་མོ་སྡོད་ཁང་གི་རྒྱབ་རོལ་ནས་དུས་བཏབ་ལྟར་མཉམ་དུ་འཛོམས་ཤིང་། སྨིན་མ་ཁད་དམ་སྨིན་ལ་ཉེ་བའི་ལུས་ཟུངས་ལས་རྒྱས་པའི་འདོད་པ་ཞིམ་པོར་རོལ་ནས་འཇིག་རྟེན་རིལ་བོ་རང་གཉིས་ཀྱི་བར་ན་ཡོད་པའི་སྣང་བ་ཟ་ཟི་ཞིག་གིས་བཟི་ནས་ཡོད་པ་དང་། ཕན་ཚུན་རེས་འཁྱུད་རེས་གཏོང་གིས་དུས་ཚོད་ག་ཙམ་ཞིག་འདས་ཡོད་ཁོ་རང་གཉིས་ཀྱིས་ཀྱང་མི་ཤེས།

“འགོ་འགོ་ང་ངོ་ཚ་ནས་ཅིག་རེད་སོང་།”

བཀྲ་ཤིས་ལ་མཚོན་ན། དང་ཐོག་ལྷ་མོས་བཅོས་མ་མིན་པའི་ལུས་ཀྱི་ཚུགས་དང་ངོ་ཡི་ཉམས་ལས། ཁོ་དང་འོ་བྱེད་པར་ཚོར་ངད་ཆེ་བའི་དཀའ་ལས་མྱངས་བ་དེ་ཇི་འདྲའི་ཡིད་ལ་འབབ་པ་ཞིག་ཡིན་སྲིད། ཐ་ན་བཀྲ་ཤིས་ཀྱི་སྙིང་ག་ཡང་ལྡིག་ལྡིག་ཏུ་འཕགས་ན་ཡང་། ཁོ་ལ་སྐྲག་སྣང་གིས་མཚམས་འཇོག་དགོས་པའི་བསམ་བློ་ནི་གཞར་ཡང་འཁོར་མི་སྲིད་ཅིང་། ཚོར་བའི་རླབས་རྒྱུན་གྱིས་ལུས་ཀྱི་བ་སྤུ་སློང་བའི་དུས་སྐབས་དག་ལ་བཀྲ་ཤིས་མ་དགོས་ལྷ་མོ་ཡང་ཐག་ཆོད་པོས་འཇུག་གིན་ཡོད། གཅིག་བྱས་ན་འདི་ནི་ཆུང་ཆུང་གི་ལས་ཀྱི་ནོར་བ་ཡིན་ཡང་སྲིད་མོད། ཁོང་གཉིས་ཀྱིས་བརྙན་འཕྲིན་ཞིག་ཏུ་འཁྲབ་དགོས་ན་ཡང་འཁྲབ་ཐབས་བྲལ་ཞིང་ཁོ་རང་གཉིས་ལ་དབང་བའི་མཛེས་སྡུག་གི་སྐབས་འདི་དག་ཅི་ལྟར་བསྐྱུར་ཨང་།

“མ་རེད། མ་རེད། ཁྱོད་གཉིས་ལྷན་དུ་ཨེ་ཉལ།”

ཚེ་མཚོས་ཕན་ཚུན་ལ་འོ་བྱེད་པ་དང་ལྕེ་ནུ་བ་ལས་ཀྱང་ཕར་དུ་བརྒལ་བའི་འགུལ་སྐྱོད་ཅིག་ལ་རེ་སྒུག་བྱས་ཡོད་པ་འདྲ།

“ད་རུང་ལྷ་ཉལ་ན། ངོ་ཞིག་ཐུག་དགོས་ན་ཡང་གཟའ་མཇུག་མིན་ན་མི་ཐུག་གི གང་ནས་ཉལ་་་་་་་།”

ཚེ་མཚོས་ཀྱང་ཕལ་ཆེར་རྟོགས་ཡོད་ཤས་ཆེ། སུ་ཞིག་གིས་ལྷ་མོས་སྐད་ཆར་ཉན་ན་ཡང་ནམ་ཞིག་བཀྲ་ཤིས་ཀྱིས་ཡུན་རིང་རེ་སྒུག་བྱས་ཤིང་ལྷ་མོའི་སེམས་སུ་ཡང་སྨིན་ཚར་བའི་བྱ་བའི་དུས་སྐབས་དེ་སླེབས་ཐུབ་པ་ཤེས་ངེས་ཡིན།

ཏག་ཏག་ནོར་མི་སྲིད་དེ། ལྷ་མོས་ཅུང་ཙམ་གྱི་རྗེས་ནས“མཐར་ཕྱིན་མ་ཁད་ཕལ་ཆེར་ཡིན་རྒྱུ་རེད”ཅེས་ངོ་ཚ་བའི་གདོང་ངོར་དམར་མདངས་རན་པོར་རྒྱས་ནས་འཛུམ་མུལ་མུལ་བཤད།

“ཧི་ཧི་་་་། དེ་ཡིན་མོ།”

ཚེ་མཚོས་པྲ་ཆལ་གྱི་རྣམ་པས་ལྷ་མོ་ལ་རྟེན་འབྲེལ་ཞུ་བའམ་དགའ་བསུ་བྱེད་དང་མཚུངས།

མཐར་ཕྱིན་ཟེར་དུས་ཡང་བསྐྱར་དགེ་རྒན་འགྱུར་མེད་དྲན་འོང་སྟེ། ལྷ་མོ་དང་བཀྲ་ཤིས་གླེང་ན་དགེ་རྒན་འགྱུར་མེད་ཀྱང་བརྗེད་འགྲོའམ། ཁོས་ནམ་ཞར་དུ་སློབ་མ་དག་གི་སྤྱོད་པ་རྩིང་པོ་དག་ལ་སེམས་ཁུར་བྱེད་བཞིན་ནང་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སློབ་མ་ཡོད་དོ་ཅོག་རིང་གི་ཤ་ལས་ཆད་པའི་བུ་ཕྲུག་ལྟར་ལེགས་པའི་ལམ་དུ་ཁྲིད་ཅི་ཐུབ་བྱས་ཤིང་། དཔེ་ཀློག་དང་ལྷིང་འཇགས་ཀྱི་འཚོ་བ་ལས་སློབ་མ་སོ་སོ་རང་གི་མི་ཚེ་ལ་ངེས་ཤེས་རེ་དང་ཕུགས་འདུན་རེ་འཁྲུངས་བར་ཅི་འདྲའི་རེ་སྒུག་ཅིག་བྱས་མེད་དམ། ཡང་གཅིག་བཤད་ན། ཁོ་དང་སེང་གི་སློབ་མ་མང་དག་ཅིག་སློབ་གྲྭ་མཐར་ཕྱིན་ནས་སྤྱི་ཚོགས་སུ་སླེབས་སྐབས་ཆགས་པ་སྤྱོད་པ་ཙམ་དང་ཡག་ལས་བྱེད་པ་ཙམ་ལས་ཅི་ཡང་མི་ཤེས་ཤིང་། རང་ནུས་ཀྱིས་མགོ་བོ་བཀྱགས་ནས་གཞན་གྲལ་ཟིན་པ་ཉུང་ཉུང་ཡིན་པའི་ཚད་ལ་ཡང་བསམ་བློ་ཅི་འདྲ་མང་པོ་ཞིག་བཏང་མེད་དམ། དེ་བས་ཁོས་ནམ་ཡང་སློབ་མ་དག་ལ་རང་ལ་རང་གི་བསམ་བློ་དང་ལ་རྒྱ་དགོས་ཞེས་བརྗོད་ཀྱིན་ཡོད།

གང་ལྟར། སློབ་འབྲིང་གི་དུས་ཚོད་ཡུན་ཐུང་ཞིག་གིས་ཡོལ་འགྲོ་བ་ནི་བཤད་མི་དགོས་ཨང་། དེ་བས་ཀྱང་ལྷ་མོ་དང་བཀྲ་ཤིས་ལ་མཚོན་ན་སློབ་འབྲིང་གི་དུས་ཚོད་ནི་རྨི་ལམ་གྱི་མེ་ཏོག་ཅིག་གམ་ཡང་ན་མཚན་མོའི་སྐར་མ་རེ་གཉིས་རེ་ཡིན་ནམ།

“རེད། ནུབ་མོ་དེར་ཁོས་ང་ལ་སྦྱིན་པ་རེད། དེ་རིང་ངས་ཅི་ཞིག་ཉོ་དགོས་སམ།”ལྷ་མོས་འདང་ཟབ་པའི་སྒོ་ནས་དེ་ལྟར་བཤད།

བཀྲ་ཤིས་ཀྱི་དགེ་རྒན་ལ་གཡོལ་ཐུབ་པ་སྟེ། ཐབས་ལམ་ཡག་པའི་དུས་བཏབ་བྱེད་སྟངས་དང་། སྙིང་གཏམ་བརྗོད་སྟངས་སོགས་མི་ཆེན་ཚོ་དང་བསྡུར་རྒྱུ་ག་ལ་ཡོད་དེ། དེ་འདྲའི་གཡོ་རྫུ་ཆེ་ཞིང་དམིགས་འབེན་དང་གོ་རིམ་ལྡན་པ་ཞིག་ཡིན་མི་སྲིད་ཀྱང་། ལྟོས་བཅས་ཀྱིས་བལྟས་ན། ལང་ཚོ་དང་བསམ་བློ་གཉིས་ཆར་སྨིན་ལ་མ་སྨིན་པའི་ཀུ་ཤུ་ཞིག་གི་ཁྱད་ཆོས་མངའ་ཞིང་། ཚོར་བ་ཧ་ཅང་སྐྱེན་པའི་ལྷ་མོའི་ལུས་སེམས་ཐམས་ཅད་དབང་དུ་འགུག་པའི་ནུས་པ་ནི་ཁོ་ལ་ཡང་ཡོད་པ་རེད།

ནུབ་མོ་དེ་ཡང་གཟའ་མཇུག་གི་ནུབ་མོ་ཞིག་རེད། བཀྲ་ཤིས་ཀྱིས་སྔར་ནས་གྲ་སྒྲིག་བྱས་པའི་རས་ཨོ་ལོ་དེ་དང་མགུལ་རྒྱན་ཕྲ་མོ་དཀྱིལ་དུ་དངུལ་མདོག་གི་སྙིང་གཟུགས་ཡོད་པ་དེ་གཉིས་རང་གི་སྙིང་ཉེར་ལེགས་སྐྱེས་སུ་ཕུལ་བ་དང་། སྙིང་གཏམ་ཙམ་བཤད་རྗེས་ལག་པ་གཉིས་མཉེས་གཤིན་ལྡན་པའི་ལྷ་མོའི་འགྲམ་པ་གཡས་གཡོན་གཉིས་ལ་སྦྱར་བ་དང་མཆུ་སྒྲོས་ལེབ་མོ་ནུ་མ་ནུ་ནུ་བྱས་པ་དང་ཕན་ཚུན་གྱི་རྐེ་ལ་འཁྱུད་དེ་རེ་ཞིག་ལུས།

“བཀྲ་ཤིས་Kobeལ་དགའ་གི་ན།”

ཏག་ཏག་རེད། ཚེ་མཚོས་བཤད་པ་བདེན་ནི་རེད། ལྒང་ལིའི་དགའ་ཕྱོགས་བླ་ལྷག་མངའ་བའི་བཀྲ་ཤིས་ལ་ལྒང་ལྭ་ཞིག་ཉོ་རྒྱུ་ནི་ཧ་ཅང་འཚམ་པ་རེད། དེ་ནི་སྣང་ཡན་རང་བཞིན་ལྡན་པ་ཞིག་ཏུ་ཡང་མི་འགྱུར་བ་མི་སྲིད་དེ། འཛིན་གྲྭ་སོ་སོས་ལྒང་རྩེད་འགྲན་སྡུར་བྱེད་སྐབས་བཀྲ་ཤིས་ཀྱིས་ལྷོ་མོས་ཉོས་པའི་ལྒང་ལྭ་དེ་གོན་ནས་ལྒང་ཐང་གི་དཔའ་བོ་དེ་བྱས་ན། ལྷ་མོས་སློབ་མ་མང་པོ་ཚོགས་གྲལ་ནས་བཀྲ་ཤིས་ལ་མིག་གི་དབང་བོ་དེ་གཏད་ན་དེ་ནི་ཁོང་གཉིས་པོ་ལ་མཚོན་ན་བརྩེ་བའི་ལམ་གྱི་སྣང་ཚོར་བཤད་ཐབས་མེད་པ་དེ་ཅི་ལ་མིན། ལྒང་ལྭ་དེ་ཡང་ཨང་རྟགས་ཉེར་བཞི་པ་ངེས་པར་ཡིན་དགོས་ཏེ། བཀྲ་ཤིས་ནི་ལྒང་ཐང་གི་དཔའ་བོ་གྲགས་ཅན་ཨང་རྟགས་ཉེར་བཞི་པkobeལགས་ལ་དད་ཞེན་ཧ་ཅང་ཆེ་མཁན་ཞིག་ཡིན། འདི་ལྟར་བྱས་ན་བཀྲ་ཤིས་ཀྱི་ཡིད་སེམས་ཀྱང་རབ་ཏུ་དགའ་ངེས་རེད།

ཚེ་མཚོས་དེ་ལྟར་བཤད་མ་ཐག་ལྷ་མོས་བཀྲ་ཤིས་ལ་ཨང་རྟགས་ཉེར་བཞི་པའི་ལྒང་ལྭ་ཉོ་བ་དེ་ཡིད་ཀར་ཝ་ལེར་གསལ་བྱུང་།

རླངས་འཁོར་གྱིས་ལྷ་མོའི་འདོད་འདུན་གང་ཞིག་རྟོགས་ཡོད་པ་ལྟར་སྔར་བཞིན་མདུན་ནས་མདུན་དུ་ཤུགས་ཀྱིས་རྒྱུག་གིན་རྫོང་ཐོག་ཏུ་རྩེབས་ལ་ཉེ།

༼ སྒོ་རང་གྲོལ། ༽


  • ལེ་ཚན་སྔོན་མ།:མ་དང་བུ་ཡི་གཏམ་རྒྱུད།
  • ལེ་ཚན་རྗེས་མ།:རྨི་ལམ།