ོཆོས་འཛིན་གྱིས་བསྒྱུར། 2018-03-14
སྔར་སུང་རྒྱལ་ཁབ་ལ་དུད་ཚང་ཞིག་ཡོད། ལོ་རྟག་པར་སྲིན་སྐུད་འཁྲུད་སེལ་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད། ཁོ་ཚང་ལ་ཨ་མེས་བརྒྱུད་ནས་གསང་བའི་སྨན་ཐོ་ཞིག་ཡོད། དེས་སེར་ཀ་མི་གས་པའི་སྨན་སྦྱོར་ཐུབ།དགུན་ཤར་ཚེ། གནམ་གྲང་དར་ཆགས་ནང་གྲོང་མི་གཞནཔ་ཚོས་ཆུ་གྲང་མོར་ཐུག་ན་ལག་པར་སེར་ཀ་གས་ཡོང་བསམ་ནས་སྐྲག་དགོས་མོད། ཁོ་ཚང་གིས་ནམ་དུས་བཞིན་སྲིན་སྐུད་འཁྲུད་སེལ་བྱེད་ཀྱི་ཡོད།
ཕྱི་ནས་ཡོང་མཁན་ཞིག་གིས་གནས་ཚུལ་དེ་གོ་རྗེས། རིན་གོང་མཐོན་པོ་སྤྲད་ནས་གསང་བའི་སྨན་ཐོ་འདི་འཚོང་རོགས་ཞུས། དེ་ནས་སུང་རྒྱལ་ཁབ་ཀྱི་མི་དེས་ཁྱིམ་རྒྱུད་ཀྱི་མི་རྣམས་བསྡུས་ཏེ་གྲོས་ཁ་བྱེད། ཁོས་ང་ཚོས་མི་ཚེ་མི་རབས་ལ་སྲིན་སྐུད་འཁྲུད་སེལ་བྱེད་རུང་སྒོར་མོ་མང་པོ་ཅི་རག་གི་མི་འདུག ད་ལྟར་སྨན་ཐོ་འདི་བཙོངས་ན། དེ་མ་ཐག་ཏུ་སྒོར་མོ་མང་པོ་ཞིག་རག་ཐུབ་པས། ཁོ་ལ་བཙོངས་ན་འགྲིག་གི་མ་རེད་དམ་ཞེས་བཤད། དེ་ལྟར་ཚང་མ་གྲོས་ཁ་མཐུན་ཏེ་ཨ་མེས་བརྒྱུད་ནས་གསང་བའི་སྨན་ཐོ་འདི་ཕྱི་ནས་ཡོང་མཁན་དེ་ལ་བཙོངས།
མི་དེས་སྨན་ཐོ་འདི་ལོན་རྗེས་ཝུའུ་རྒྱལ་པོའི་རྩར་འཁྱམ་བཤད་བྱེད་པར་སོང་བ། དེ་དུས་ཏག་ཏག་ཡོ་རྒྱལ་ཁབ་ཀྱིས་ཝུའུ་རྒྱལ་ཁབ་ལ་དམག་རྒྱག་པ་དང་འཁེལ་བས། ཝུའུ་རྒྱལ་པོས་མི་དེ་དམག་དཔོན་དུ་བཀོད་ནས་དམག་རྒྱག་སར་མངགས། གྲང་ངར་ཆེ་བའི་དུས་ལ་རྒྱལ་ཁབ་གཉིས་ཀྱིས་ཆུ་ཐོག་དགྲ་འཛིང་བྱེད་དགོས་ཐུག་ཅིང་། ཝུའུ་རྒྱལ་ཁབ་ཀྱི་དམག་མི་རྣམས་ལ་སྨན་འདི་སྤྱོད་རྒྱུ་ཡོད་སྟབས། ཚང་མའི་རྐང་ལག་གས་སྐྱོན་གང་ཡང་མ་ཕོག་ནས་དམག་རྒྱག་དུས་དཔའ་ངར་ཆེན་པོས་འཐབ་འཛིང་བྱས་ཏེ་ཡོ་རྒྱལ་ཁབ་ཀྱི་དམག་མི་རྣམས་སྲན་ཕུང་ཐོར་བ་ལྟར་གཏོར་ཕམ་བཏང་། ཕྱིར་ལོག་རྗེས། ཝུའུ་རྒྱལ་པོས་མི་དེར་སྒེར་གཞིས་མང་པོ་སྤྲད་ཅིང་དཔོན་པོ་ཆེན་པོར་བཀོད།
སྨན་ཐོ་འདྲ་འདྲ་ཅིག་ཡིན་རུང་། སུང་རྒྱལ་ཁབ་ཀྱི་དུད་ཚང་དེས་སྔ་སྲོལ་དམ་བཟུང་བྱས་ཏེ་སྨན་ཐོ་དེས་སྲིན་སྐུད་འཁྲུད་སེལ་བྱེད་པའི་ཐོག་གོ་ཆུང་ཆུང་ཞིག་ལས་མི་ཆོད་ནའང་། ཕྱི་ནས་ཡོང་མཁན་དེས་སྐབས་བསྟུན་བེད་སྤྱོད་བྱས་ཏེ་དེར་བརྟེན་ནས་དམག་འཐབ་ཆེན་པོ་ཞིག་རྒྱལ་ཁ་བླངས་སོང་།
རྩོམ་གསར། 10