འབྲོག་ཕྲུག་ཅིག་དང་འབྲོག་ཁྱི་ཞིག་གི་བརྩེ་བ།

གངས་ཟེགས།        2019-05-24

   ང་ནི་སྔོན་ཆད་ངེད་ཚང་གི་བྱིས་པ་ཁེར་མ་ཞིག་ཡོད་པ་དེ་ཡིན་པས་ཁྱིམ་མི་ཚོས་ཤིན་ཏུ་གཅེས་ལ། ང་རང་ཆུང་དུས་ཁྱིམ་མི་ཚོས་རྩེ་རོགས་དང་དགོད་རོགས་ཇི་ལྟར་བྱས་ཤིང་རྩེད་ཆས་ཀྱང་མཚེར་ས་སྤོ་དུས་དོ་ཡ་རེ་ཡོད་སྲིད་མོད། འོན་ཀྱང་རྒྱུན་དུ་ཁེར་རྐྱང་གི་སྣང་བ་ཞིག་ལས་དེ་འདྲའི་ཡ་མཚན་གྱི་སྤྲོ་སྣང་ཆེན་པོ་ཞིག་བྱུང་མྱོང་མེད། དབྱར་དགུན་གྱི་མཚེར་ས་ཁ་ཤས་ལ་རུ་སྐོར་བྱིས་པ་འགའ་རེ་ཡོད་ཀྱང་རྒྱུན་དུ་འཛོམས་པའི་དུས་ཚོད་སྟབས་བདེ་ཞིག་གཏན་ནས་བྱུང་མ་མྱོང་། ལོ་དྲུག་ཡས་མས་ཀྱི་སྐབས་ཤིག་ལ་ང་རང་ནད་ཅིག་གིས་ན་སྟེ་རྫོང་ནང་དུ་ཕྱིན་ནས་ཉིན་དུ་མ་ཞིག་འགོར་ཏེ་ཕྱིར་བསླེབས་དུས་ངའི་ཨ་ནེ་ཞིག་ཡོད་པ་དེས་ཁྱི་གུ་ཆུང་ཆུང་ཞིག་འཁྱེར་ཡོང་འདུག དེ་ནི་རིག་མ་ཐག་སྙིང་རྗེ་ཞིང་ཡིད་དུ་འོང་བ་ཞིག་འདུག་ཁོ་ཚོས་དེ་ལ་འབྲེལ་བའམ་འདྲ་བ་གང་གིས་བཏགས་ནས་མ་ཤེས་མོད།གང་ལྟར་ཁྱི་གུ་དེར་ཙིག་རྗ་ཞེས་འབོད་ཀྱིན་འདུག ངས་དེར་མཐོང་མ་ཐག་ཤ་ཚ་ཞིང་ཡིད་དུ་འོང་བ་ཞིག་རེད་ལ་སྐབས་དེར་དགུན་ཁ་ཡིན་པས་གྲང་ངར་བསམ་ཡུལ་འདས་པ་ཞིག་ཀྱང་རེད། དེ་ཡིས་ངས་མཚན་མོར་རུམ་སྟེ་ཉིན་དཀར་རང་དང་འབྲལ་མེད་དུ་ཁྱེར་ནས་དེ་ལ་གཅེས་མིང་མང་བོས་བོས་ཏེ་ཁེར་ལབ་རྐྱང་རྐྱང་བྱས་པས་རྩེད་མོར་རོལ་བ་ཡིན། རིམ་བཞིན་ཟླ་བ་ཁ་ཤས་འགྲོ་དུས་ཁོ་རང་ཅུང་ཆེན་པོར་གྱུར་ཏེ་འགྲུལ་བ་སོགས་ཡོང་ན་ཟུག་ཤེས་ཀྱི་འདུག་ལ། དེ་དུས་ངེད་ཚང་གི་མཚེར་སར་ཙི་གུ་དང་འཕྱི་བ་ཡང་ཧ་ཅང་མང་བས་ངས་དེ་དག་རེ་རེ་བཞིན་བསྟན་ཏེ་ཁྱི་གུ་ལ་ཡར་ལྟོས་མར་ལྟོས་ཞེས་འཛུབ་མོ་བཀར་ཏེ་ཁོ་རང་གི་ཁ་ཡར་བསྐོར་མར་བསྐོར་བྱས་ཤིང་ཡར་ལོངས་ཞེས་ལག་པ་གཉིས་འཇུས་ནས་གྱེན་དུ་འགྲེང་སྟེ་ལྟ་རུ་ཡང་བཅུག དེ་ལྟར་བྱས་བྱས་པས་སྐབས་ཤིག་ལ་ཁོ་རང་གིས་སྐད་དེ་དག་མི་སུས་ལབ་ན་ཇི་མ་ཇི་བཞིན་གོ་ཐུབ་ཀྱི་འདུག མ་ཟད་ངས་གཟས་ས་སོགས་ལ་མཉམ་དུ་འཁྲིད་དེ་རང་དང་འབྲལ་མེད་དུ་སོང་བ་ཡིན། སྐབས་རེར་ཁོ་ལ་སྡིགས་ཚེ་མར་ཉལ་དེ་མགོ་ཞུམ་ཞུམ་དང་རྔ་མ་འཁྱུག་འཁྱུག་གཡུག་སྟེ་ངོ་གསོ་བའི་རྣམ་པའང་སྟོན་ཤེས། དེ་ལྟར་མི་ལོ་བདུན་ཙམ་འདས་རྗེས་ང་རང་དགོན་ནང་དུ་ཞུགས་ནས་ལོ་ཁ་ཤས་འགོར་སོང་། ཉིན་ཞིག་ང་རང་ཁྱིམ་དུ་ཡོང་དུས་སྒོ་ཁྱི་དེ་ཉིད་ཤི་མ་ཐག་ཏུ་གྱུར་འདུག དེ་དུས་ང་ལ་གཞི་ནས་བསམ་གཞིག་མང་བོ་ཞིག་གི་སྣེ་མོ་བསླངས་བྱུང་། མི་རྒན་དག་གི་ངག་རྒྱུན་ལ་ལས་སྣང་གི་དབང་གིས་ཁྱིམ་རྒྱུད་ནས་གྲོངས་པའི་མི་དག་སླར་ཡང་སྒོ་ཟོག་དང་སྒོ་ཁྱིའི་སྐྱེ་བ་ལེན་པ་ཡོད་སྲིད་ཟེར། དོན་ངོ་མ་ཁྱི་གུ་དེ་ནི་མི་ལོ་བདུན་གྱི་རིང་ལ་ངའི་བརྩེ་བའི་གྲོགས་དང་དགའ་བའི་རྩེད་ཆས་ཡིན་པས་བདག་གི་མི་ཡི་གྲོགས་པོ་ཞིག་ལས་རིན་ཐང་ཆེ་བར་སྙམ། ཁྱི་གུ་དེས་ཉིན་གཅིག་ཚེ་གཅིག་འདྲ་བར་བདག་ལ་རྔ་གཡུག་ཞུམ་ཞུམ་གྱི་སྙིང་ཉེ་བར་བསྟན་པ་ལས་བདག་གི་མ་རིག་སར་ཁྲེལ་མེད་ཀྱི་བྱ་བ་བསྒྲུབས་མ་མྱོང་།ཁོ་ནི་བདག་ལ་ངེས་པར་འགྲོགས་ནས་འདུག་པ་ལས་གཞན་གྱི་གམ་ནས་བདག་གི་སྐྱོན་འཚང་མི་འདོན་ལ་གཡོ་ཇུས་སྣ་ཚོགས་ཀྱིས་བདག་ལ་མགོ་སྐོར་ཡང་གཏོང་མི་སྲིད། ང་ཚོས་ཁྱོད་མི་ཁྱི་ལྟ་བུ་ཞིག་རེདཅེས་མ་དཔེ་འཇོག་ས་ཞིག་མོད།འོན་ཀྱང་ཁྱིས་བདག་པོ་ལ་བཅངས་པའི་བརྩེ་བ་དང་དམ་ཚིག་གིས་ང་རང་ཚེ་གང་བོར་ཁྱི་ལ་དུང་བའི་བག་ཆགས་ཟབ་མོ་ཞིག་བཞག་སོང་ངོ་།།


  • ལེ་ཚན་སྔོན་མ།:རྨི་ལམ་དང་གཞན་དག
  • ལེ་ཚན་རྗེས་མ།:རྒད་པོ་ཞིག་གིས་མར་ཞིག་བཞག་ནས་བྲོས་སོང་།