རྨི་ལམ།

ཨ་ནུ་དད་ཞེན།        2021-04-30

ཟླ་བ་མེད་ཀྱང་སྐར་ཚོགས་སྔར་ལྟར་གསལ་ལེར་མཆེད།

དོན་གྲུབ་ཀྱི་ཡིད་ངོར་གསལ་ལ་མི་གསལ་བའི་རྒྱུས་ཡོད་ཀྱི་གཟུགས་རིས་ཤིག་མངོན་བྱུང་། ཁྱོད་སུ་ཡིན། ཁྱོད་སྒྲོལ་མ་ཡིན་ནམ་ཞེས་ཐེངས་འགར་བོས་ཀྱང་། ལན་གང་ཡང་མ་བཏབ་པར་ཁ་རོག་གེར་མགོ་བསྒུར་ནས་བསྡད། དོན་གྲུབ་ཀྱིས་ངས་ཁྱོད་སྒྲོལ་མ་ཡིན་པ་ཤེས་སོང་། ཁྱོད་ཀྱིས་ཁྱིམ་ཐོ་ཁྱེར་ཡོང་ངམ་ཟེར། མོས་ཁ་མི་གྲག་པར་མིག་ཆུ་གཏོང་བཞིན་མཆིས། ཡང་བསྐྱར་དོན་གྲུབ་ཀྱིས་སྐྱོན་མེད། འུ་གཉིས་ཀའི་བརྩེ་བ་མ་འགྱུར་ན་གཉེན་བསྒྲིགས་པའི་གོ་སྐབས་མང་ཞེས་འཆད་བཞིན་ཁོ་མོ་དང་ཉེ་བར་བཅར་ལ། དེའི་འབུར་ཞིག་གི་སྟེང་ན་སྒྲོལ་མའི་མགོ་དཀྲིས་ཙམ་ལས་གང་ཡང་མ་མཆིས། ཁོས་སྒྲོལ་མ་ཞེས་ལན་འགར་བོས་པ་དང་ལྷན་དུ་གཉིད་ལས་སད་བྱུང་།

ཞོགས་པའི་མཁའ་དབུགས་ཧ་ཅང་འཁྱགས། སྡེ་བའི་རྒན་དར་གཞོན་གསུམ་གཡུ་ལུང་སྡེ་བའི་བྲག་རིའི་ཕྱོགས་སྔངས་རྒྱུགས་བྱེད་བཞིན་མཆིས། དོན་གྲུབ་ཀྱིས་ཅི་ཡིན་མི་བསམ་པར་ཁོ་ཚོའི་རྗེས་སུ་བསྙེགས། ད་ནི་དངོས་གནས་བྲག་རིའི་མགོར་ཐོན་བྱུང་།སྡེ་མི་དག་འཚང་ཁ་རྒྱག་བཞིན་ཤབ་ཤུབ་མང་པོ་ཞིག་ལབ་བཞིན་གདོང་ནས་མིག་ཆུ་འགའ་ཡང་གཏོང་བཞིན་འདུག དོན་གྲུབ་ཀྱིས་བྲག་རིའི་སྟེང་དུ་སྒྲོལ་མའི་མགོ་དཀྲིས་ཡོད་པ་མཐོང་འཕྲལ། ཡིད་དུ་སྔངས་སྐྲགས་དང་སྐྱོ་སྣང་གང་མང་ཞིག་དང་ལྷན་དུ་ཁོ་རང་ས་རུ་འགྱེལ་སོང་། དོན་གྲུབ་ཀྱི་རྣ་ལམ་དུ་སྒྲོལ་མའི་སྐད་ངག་ཧ་ཅང་ཉམ་ཐག་པའི་ངང་ནས་ཐོས་བྱུང་། དོན་གྲུབ་ཀྱི་མཁུར་མགོའང་འཁྱགས་སིབ་སིབ་བྱེད།

  • ལེ་ཚན་སྔོན་མ།:གཟའ་མཇུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།